ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་གིས་རྒྱ་གར་གཞུང་དང་རྒྱལ་བ་ཀརྨ་པར་འབྲེལ་བ་མཐུད་ཐབས།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་གི་བཅར་འདྲིར་དང་ལེན་གནང་སྟེ་ང་ཚོས་རྒྱ་གར་གཞུང་དང་རྒྱལ་བ་ཀརྨ་པ་གཉིས་འབྲེལ་བ་མཐུད་ཐབས་སུ་ཟམ་པ་ལྟ་བུ་ཞིག་བྱེད་ཆོག་ཅེས་གསུངས་འདུག རྒྱལ་ས་ལྡི་ལིར་རྒྱལ་སྤྱིའི་གསར་ཁང་ཁག་ཏུ་ཆེད་ལས་སྒྲུབ་བཞིན་པའི་རྒྱ་གར་བའི་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་དང་རྒྱ་གར་གྱི་གསར་འགོད་པ། རྩོམ་པ་པོ་བཅས་མི་སྣ་༢༠་ལྷག་གིས་བོད་དང་རྒྱ་དཀར་ནག་གི་གནད་དོན་སོགས་ལ་གླེང་མོལ་དང་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་བསྐྱངས། སྐབས་དེར་གསར་འགོད་པ་ཞིག་གིས་རྒྱལ་བ་ཀརྨ་པ་ལོ་གཉིས་ཡས་མས་ཤིག་ལ་ས་གནས་གང་དུ་བཞུགས་ཡོད་མེད་ཁ་གསལ་མེད་པ་དང་རྒྱ་གར་གཞུང་གིས་རྒྱལ་བ་ཀརྨ་པ་རྒྱ་གར་ལ་ཆིབས་སྒྱུར་གནང་ཐུབ་ཐབས་གནང་གི་ཡོད་ཀྱང་རིན་པོ་ཆེས་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཀྱི་ལག་འཁྱེར་བཞེས་ཡོད་པའི་གནས་ཚུལ་མང་དག་ཅིག་འཐོན་བཞིན་འདུག སྲིད་སྐྱོང་གིས་རྒྱལ་བ་ཀརྨ་པ་རྒྱ་གར་ལ་ཆིབས་སྒྱུར་གནང་རྒྱུ་དེར་རྒྱ་གར་གཞུང་ལ་གྲོས་སྡུར་གནང་གི་ཡོད་དམ་ཞེས་དྲིས།།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱལ་བ་ཀརྨ་པའི་གནད་དོན་རྒྱ་གར་གཞུང་ལ་གྲོས་སྡུར་ཞུས་ཡོད། རྒྱ་གར་གཞུང་ལའང་ཀརྨ་པ་རིན་པོ་ཆེ་རྒྱ་གར་ལ་ཕེབས་ཐུབ་རྒྱུའི་འདོད་པ་འདུག ང་ཚོའི་ངོས་ནས་རྒྱ་གར་གཞུང་གི་དགོངས་པ་བཞེས་ཕྱོགས་དང་ཀརྨ་པ་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས་གང་ཡིན་ཕྱོགས་གཉིས་ལ་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཞིག་བྱེད་ཆོག་ཅེས་སྙན་གསེན་ཞུས་ཡོད། ད་ལོ་རྒྱལ་བ་ཀརྨ་པ་དགུང་བགེགས་ལ་ཁེལ་ཡོད་པས་ཕྱི་ནང་གི་མི་སུ་ཞིག་ལའང་མཇལ་འཕྲད་གནང་རྒྱུར་ཐུགས་འདོད་མི་འདུག ལོ་རྗེས་མའི་བོད་ཀྱི་ལོ་གསར་རྗེས་ལ་མ་གཏོགས་རིན་པོ་ཆེར་མཇལ་འཕྲད་ཡོང་ཐབས་མི་འདུག་ཅེས་ལན་འདེབས་གནང་འདུག

གསར་འགོད་པ་གཞན་ཞིག་གིས་བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་གཉིས་འབྲེལ་བ་གང་འདྲ་ཡོད་ཅེས་དྲིས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་རྒྱ་གར་གཞུང་ནི་བོད་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། བོད་དང་༧གོང་ས་མཆོག་གི་གནད་དོན་གཙོས་གནད་དོན་གང་འདྲ་ཞིག་ཡིན་རུང་རྒྱ་གར་གཞུང་ལ་གོ་ནོར་མི་ཐེབས་པ་དང་ཕྱི་གསལ་ནང་གསལ་བྱེད་ཀྱི་ཡོད། ངས་སྲིད་སྐྱོང་གི་འགན་ཁུར་ནས་བཟུང་སྟེ་རྒྱ་གར་དབུས་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཐོ་རིམ་དཔོན་རིགས་ཚོར་འབྲེལ་བ་ཡག་པོ་བྱུང་ཡོད། སྐབས་རེར་ལམ་སྟོན་ཞུ་དགོས་པའི་གནད་དོན་ཁག་ལ་ལམ་སྟོན་ཡང་ཞུ་བཞིན་ཡོད་པས་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཡག་པོ་གནང་གི་འདུག་ཅེས་བཀྲལ།།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ལོ་འདིའི་ཕྱི་ཟླ་༥་པར་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་བོད་ལ་གཟིགས་ཞིབ་ཏུ་བསླེབས་པའི་རྗེས་སུ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་དང་བོད་ནང་ལ་དམ་དྲག་གི་ཛ་དྲག་ནི་རང་འཇགས་རེད། ༧གོང་ས་མཆོག་གནས་གཟིགས་སུ་ཆིབས་སྒྱུར་བསྐྱང་ཐུབ་རྒྱུ་དང་བོད་དོན་ལ་གྲུབ་འབྲས་ཐོན་མིན་དེར་མ་ལྟོས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐབས་ཤེས་རྒྱུན་མེད་པར་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་གསུངས་ཤིང་། རྒྱལ་སྤྱིའི་གསར་ཁང་ཁག་ཏུ་ཆེད་ལས་སྒྲུབ་བཞིན་པའི་རྒྱ་གར་བའི་གསར་འགོད་མཐུན་ཚོགས་ནི་༡༩༨༣་ལོར་བཙུགས། ད་བར་ཚོགས་པ་དེས་བོད་དང་རྒྱ་དཀར་ནག་གི་གནད་དོན། རྒྱལ་སྤྱིའི་གནད་དོན་ཁག་མང་ཚོགས་གསལ་ཁ་གཏད་ནས་གོ་རྟོགས་སྤེལ་བའི་ལས་རིམ་མང་དག་ཅིག་གོ་སྒྲིག་གནང་མུས་ཡིན་པ་བཅས་ཀྱི་སྐོར། ལྡི་ལི་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ།།

XS
SM
MD
LG