ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་པེ་ཅིང་གི་རྩེད་འགྲན་ལ་ངོ་རྒོལ།


༄༅།། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་༢༠༢༢་ལོར་པེ་ཅིང་དུ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ཀྱི་ཡོད་པ་དེར་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཆེད་དུ་དབུས་རྒྱུན་ལས་རྣམས་རུ་ཁག་གཉིས་སུ་བགོས་ནས་དུས་ཡུན་ཟླ་བ་གཅིག་ལ་རྒྱ་གར་རྒྱལ་ཡོངས་སུ་པེ་ཅིང་གི་རྩེད་འགྲན་ལ་ངོ་རྒོལ་དང་བོད་དོན་ཞུ་བཏུག་གི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཟླ་བ་འདིའི་ཚེས་༡༧་ནས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་དང་དྲུང་ཆེ་སྐལ་བཟང་སྒྲོལ་མ་གཉིས་ཀྱིས་སྣེ་ཁྲིད་པའི་རུ་ཁག་ཅིག་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་ས་ལུ་ཀ་ར་སོགས་ལ་སྐོར་སྐྱོད་བྱས་པ་ལེགས་གྲུབ་བྱུང་། ད་ལྟའི་སྐབས་འདིར་ཁོང་ཚོ་མེ་གྷ་ལ་ཡ་མངའ་སྡེའི་རྒྱལ་ས་ཤི་ལོང་དུ་འབྱོར་ཡོད་པ་དང་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་ལས་འགུལ་འདི་སྤེལ་དགོས་དོན་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གཞུང་ལ་ལྟ་ཚུལ་ཡག་པོ་མེད་པའི་གོ་སྐབས་བཟུང་ནས་སྤེལ་གྱི་ཡོད་ཅེས་བཀྲལ།།

ཁོང་ཚོས་བོད་དོན་ཞུ་གཏུག་གི་ལས་འགུལ་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག རྒྱ་ནག་གཞུང་གིས་དབུ་མའི་ལམ་ཀྱི་ཐབས་ཇུས་བརྒྱུད་ནས་བོད་རྒྱའི་གྲོལ་མོལ་མགྱོགས་མྱུར་བསྐྱར་གསོ་བྱ་རྒྱུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་མདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་འཚོགས་ལ་ཉེ་བའི་པེ་ཅིན་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་ངོ་རྒོལ་བྱེད་དགོས་ཞེས་དོན་ཚན་ལྔ་འཁོད་པའི་ཞུ་ཡིག་ཅིག་ས་གནས་མངའ་སྡེ་ཁག་གི་གནད་ཡོད་མི་སྣ་ཚོར་བཀྲམ། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ལའང་ཞུ་ཡིག་དེ་འབུལ་བཞིན་ཡོད་ཅེས་ཚོགས་གཙོ་བསྟན་འཛིན་སྒྲོལ་མས་འགྲེལ་བརྗོད་གནང་འདུག

གཞན་ཡང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་བའི་རུ་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་སུ་སྐོར་སྐྱོད་དུ་ཕེབས་ནས་ཕྱི་ཟླ་༡༢་པར་ལས་འགུལ་འགོ་འཛུགས་རྒྱུ་ཡིན་ཞིང་། ཁོང་ཚོའི་ལས་འགུལ་དེ་ལོ་རྗེས་མའི་ཕྱི་ཟླ་༢་པར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་མ་ཚོགས་བར་དུ་སྤེལ་འཆར་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG