ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འབྲས་ལྗོངས་གཞུང་ནས་ཀརྨ་པ་རིན་པོ་ཆེ་ཁུལ་དེར་ཕེབས་ཐུབ་རྒྱུའི་རེ་བ་ཡོད་གསུངས་པ།


འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་༡༣ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་མངའ་སྡེའི་གཞུང་ནས་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་གནད་དོན་ལ་གལ་གནད་ཅིག་ཏུ་ངོས་འཛིན་གྱིས་རིན་པོ་ཆེ་མཆོག་འབྲས་ལྗོངས་སུ་གང་མགྱོགས་ཕེབས་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

སྐབས་དེར་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཁོང་ད་རེས་གྲོང་ཁྱེར་མུམ་སྦའི་དང་རྒྱལ་ས་ལྡི་ལི་གཉིས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་རྒྱ་གར་གྱི་སྲིད་བློན་ Narendra Modi མཆོག་དང་མཇལ་མོལ་གྱིས་གནད་དོན་གལ་གནད་ཁག་ཅིག་ཐོག་ལ་བཀའ་བསྡུར་བྱུང་ཡོད་པ་གསུངས་པ་དང་། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་ཐུབ་ཆེད་དུ་མངའ་སྡེའི་གཞུང་གི་དགོན་གནས་བློན་ཆེན་སྐུ་ཞབས་བསོད་ནམས་བླ་མ་ལགས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་རིམ་པས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྐུ་མདུན་དུ་མངགས་གཏོང་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་གསུངས་འདུག རྩ་བའི་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་༢༠༡༧ལོའི་ལོ་དཀྱིལ་ཙམ་ནས་ད་བར་ཕྱི་རྒྱལ་དུ་བཞུགས་ཡོད་པ་དང་། བརྒྱུད་ལམ་ནས་གནས་ཚུལ་ཐོན་པར་གཞིགས་ན། རིན་པོ་ཆེ་མཆོག་གིས་ Dominica རྒྱལ་ཁབ་ཀྱི་མི་སེར་ཕྱག་འཁྱེར་བཞེས་གནང་ཡོད་འདུག གདན་ས་རུམ་བཏེག་གི་མཁན་པོ་ཀརྨ་ཚེ་བརྟན་ལགས་དང་མཚུར་ཕུ་བླ་བྲང་གི་འགན་འཛིན་བླ་མ་རྒྱལ་མཚན་བསོད་ནམས་ལགས་ཀྱིས་གནས་ཚུལ་དེ་ལ་དགའ་བསུ་དང་སྦྲགས། རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གང་མགྱོགས་ཕེབས་ཐུབ་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་པ་གསུངས་བྱུང་། གཞི་རྩའི་རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་མཆོག་ཕྱི་ལོ་ ༢༠༠༠ལོར་རྒྱ་གར་དུ་ཕེབས་འབྱོར་བྱུང་རྗེས་ད་བར་འབྲས་ལྗོངས་དང་གདན་ས་རུམ་བཏེག་ཏུ་ཕེབས་ཐུབ་ཀྱི་མེད་པ་རེད། གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ནོར་བཟང་ཡིན།


XS
SM
MD
LG