ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གློ་སྨོན་ཐང་གི་མི་དམངས་ལ་འགོག་ཁབ་ཆ་ཚང་རྒྱག་རྒྱུ།


༄༅།། ཉེ་ཆར་ཕྱི་ཟླ་༥་པའི་ནང་དུ་བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་གློ་སྨོན་ཐང་དང་མ་ནང་རྫོང་སོགས་ལ་ཏོག་དབྱིབས་ནད་དུག་ཁྱབ། བལ་ཡུལ་གཞུང་གིས་མཐའ་མཚམས་ཀྱི་ས་གནས་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་མགོ་བརྩམས། ཕྱི་ཟླ་༨་པའི་ཚེས་༤་ཉིན་བལ་ཡུལ་གྱི་རཱི་ཕཱབ་ལི་ཁ་དང་ཁཱ་པར་གསར་འགྱུར་དྲྭ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། གློ་སྨོན་ཐང་དང་མ་ནང་རྫོང་གཉིས་ཀྱི་མི་མང་ལོ་ན་༡༨་ཡན་ཆད་ལ་སོན་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀའི་འགོག་ཁབ་ཆ་ཚང་བརྒྱབ་ཚོར་གྲབས་ཡོད་ཅིང་། གློ་སྨོན་ཐང་རྫོང་གི་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་བྷན་དྷ་རིས་རྫོང་དེའི་མི་༩༣༠༠་ཡས་མས་ཤིག་ལ་འགོག་ཁབ་བརྒྱབ་ཟིན་ཡོད། ང་ཚོའི་རྫོང་འདིར་གནས་སྡོད་བྱེད་མཁན་ས་གནས་གཞན་གྱི་མི་༢༡༣་ཡོད་པ་དེ་དག་ལའང་འགོག་ཁབ་བརྒྱབ་པ་ཡིན། ནད་རླབས་གཉིས་པའི་སྐབས་སུ་གློ་སྨོན་ཐང་དུ་མི་༥༢༥་ལ་ནད་དུག་འགོས་པ་དང་མི་༡༥་ལ་འཆི་སྐྱོན་བྱུང་སོང་ཞེས་བཤད། མ་ནང་རྫོང་ནི་བལ་ཡུལ་གྱི་རྫོང་ཁག་ཆུང་ཤོས་དང་མི་འབོར་ཆེས་ཉུང་ཤོས་ཀྱི་རྫོང་ཞིག་ཡིན་པས་རྫོང་དེའི་མི་དམངས་ལ་བལ་ཡུལ་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཉིས་ཀ་བརྒྱབ་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག

གློ་སྨོན་ཐང་དང་མ་ནང་རྫོང་གཉིས་ཀ་བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་ཡུལ་གཙོ་བོ་ཞིག་ཡིན་མོད། འོན་ཀྱང་༢༠༡༩་ལོར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲིམ་འགྲུལ་བཀག ལྷག་པར་དུ་ཟླ་ཤས་གོང་དུ་བལ་ཡུལ་ལ་ནད་རླབས་གཉིས་པ་འཕྱུར་བ་སོགས་ཀྱིས་ཡུལ་སྐོར་སྤྲོ་འཆམ་པ་མེད་པ་དང་འགྲིམ་འགྲུལ་འགགས་ཏེ་གློ་སྨོན་ཐང་དང་མ་ནང་རྫོང་སོགས་ཀྱི་ཚོང་ལས་དང་དཔལ་འབྱོར་ཉམས་རྒུད། ས་གནས་དེ་དག་གི་མང་ཚོགས་ལ་འཚོ་རྟེན་གྱི་དམིགས་སྒོ་ཁག་ཅིག་མེད་པར་གྱུར། ཁང་གསར་གྲོང་ཚོ་ནི་མ་ནང་རྫོང་གི་ས་གནས་ཤིག་ཡིན་པ་དང་གྲོང་ཚོ་དེའི་ཡུལ་མི་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཁག་ཅིག་ལ་ཏོག་དབྱིབས་ནད་དུག་འགོས་ཀྱང་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་མ་ཐོན། མ་ནང་རྫོང་གི་འཕྲོད་བསྟེན་འགན་འཛིན་གྱིས་གསར་འགོད་པར་བཤད་པ་ལྟར་ན། ཁ་སྔོན་ཕྱི་ཟླ་༤་པར་ཏོག་དབྱིབས་ནད་དུག་སྔོན་འགོག་ནན་པོ་ཞིག་བྱས་ཐུབ་ཡོད་ཚེ། ནད་དུག་ཁྱབ་གདལ་གྱི་དཀའ་ངལ་རྣམས་སྔོན་ནས་སེལ་ཐུབ་ཡོད་ཤས་ཆེ། ནད་ཡམས་མགོ་མ་འཇོམས་གོང་དུ་ཡུལ་སྐོར་སྤྲོ་འཆམ་གྱི་ལས་རིགས་བསྐྱར་དུ་འགོ་ཚུགས་ནས་ནད་དུག་ཁྱབ་གདལ་བཏང་སོང་། ང་ཚོའི་ས་གནས་འདིར་སྤོག་ར་དང་ཀ་ཐ་མན་རྡུ་ནས་ཡུལ་སྤྲོ་འཆམ་པ་མང་པོ་ཡོང་གི་འདུག ད་ལྟ་ལམ་འཇོང་རྫོང་དུ་འགྲིམ་འགྲུལ་བཀག་ཡོད་པས་མ་ནང་རྫོང་ལ་འགྲུལ་པ་ཐར་གྱི་མེད་པ་རེད་ཅེས་བཀྲལ།།

གློ་སྨོན་ཐང་དང་མ་ནང་རྫོང་སོགས་ནི་མི་ཚོགས་ཆེ་ས་དང་གྲོང་ཁྱེར་ཁག་ལ་རྒྱང་ཐང་རིང་བ། ས་གནས་དེ་དག་ལ་མི་གྲངས་ཉུང་བ་བཅས་ཀྱིས་ཏོག་དབྱིབས་ནད་དུག་སྔོན་འགོག་བྱ་རྒྱུ་སྟབས་བདེ་པོ་ཡིན་མོད། གལ་སྲིད་བལ་ཡུལ་གྱི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ལྟར་གློ་སྨོན་ཐང་དང་མ་ནང་རྫོང་སོགས་ལ་ཏོག་དབྱིབས་ནད་དུག་ཚབས་ཆེན་པོ་ཞིག་ཁྱབ་ཡོད་ཚེ། ང་ཚོར་འཚོ་རླུང་དང་སྨན་ཁང་། སྨན་བཅོས་ཀྱི་མཐུན་རྐྱེན་དང་རླངས་འཁོར་མེད། ནད་པ་ཛ་དྲག་ཅན་རྣམས་ས་གནས་གཞན་ལ་སྐྱེལ་བྱེད་དགོས་བྱེད་ཐུག་ཀྱང་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད། ཧི་མ་ལ་ཡའི་གངས་འདེབས་སུ་ཆགས་པའི་ས་གནས་ཁག་ཅིག་ལ་རླངས་འཁོར་ཡང་ཐར་ས་མེད། སྟབས་ལེགས་པ་ཞིག་ལ་ད་སྔ་ང་ཚོའི་ས་གནས་དེར་ནད་ཡམས་ཚབས་ཆེན་ཞིག་ཁྱབ་མ་སོང་ཞེས་མ་ནང་རྫོང་གི་འཕྲོད་བསྟེན་འགན་འཛིན་གྱིས་ཁཱ་པར་གསར་ཁང་གི་གསར་འགོད་པར་བཤད། ད་ལོ་བལ་ཡུལ་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་གློ་སྨོན་ཐང་དང་མ་ནང་། ཧུམ་ལ་དང་འཇུམ་ལ། དོལ་པ་བཅས་ཀྱི་ས་གནས་ཁག་གི་སློབ་གྲྭ་ཁག་དུས་ཐོག་ཏུ་ཚོགས་མ་ཐུབ་པར་སློབ་དུས་གསར་པ་འཚོགས་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱ་དགོས་བྱུང་ཞིང་། བལ་ཡུལ་མཐའ་མཚམས་ཁག་གི་སློབ་གྲྭ་ཁག་ཅིག་ལ་ཉེ་ཆར་བར་དུ་སློབ་གྲྭ་འཚོགས་ཐུབ་མེད་པས་སློབ་ཚན་རྣམས་དུས་ཐོག་ཏུ་སློབ་ཁྲིད་བྱེད་མ་ཚར་པར་དཀའ་ངལ་འཕྲད། བལ་ཡུལ་གཞུང་གིས་ཉུང་མཐར་ཡང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཁག་ལ་ཟླ་བ་༦་གི་རིང་དུ་སློབ་ཁྲིད་བྱེད་དགོས་པའི་སྒྲིག་ཁྲིམས་གཏན་འབེབས་བྱས་ཡོད་ཅེས་བལ་ཡུལ་གྱི་དྲིལ་བསྒྲགས་ལྷན་ཁང་གི་མགྲིན་ཚབ་པ་དྷི་པག་ཤར་མས་བཤད་པ་དེ་ལ་བལྟས་ཚེ། ཏོག་དབྱིབས་ནད་དུག་གིས་གློ་སྨོན་ཐང་སོགས་མཐའ་མཚམས་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་དང་དཔལ་འབྱོར། ཚོང་ལས་དང་བུ་ཕྲུག་གི་ཤེས་ཡོན་སློབ་གསོ་བཅས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་ཚོད་དཔག་བྱེད་ཐུབ།།

XS
SM
MD
LG