ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱིས་ངལ་སེལ་རོགས་དངུལ་མཁོ་སྤྲོད།


༄༅།། བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་རླབས་གཉིས་པ་བྱུང་སྟེ་འཚོ་བའི་དཀའ་ངལ་འཕྲད་བཞིན་པ་ཚོར་ཛ་དྲག་གི་ངལ་སེལ་ཧིན་སྒོར་བྱེ་བ་གསུམ་ལྷག་རོགས་རམ་སྤྲོད་ཀྱི་ཡོད་ཅིང་། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཉེ་སྔོན་ཕྱི་ཚེས་༧་ཉིན་ཕྱི་དྲིལ་ཚོགས་ཁང་དུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཡོངས་རྫོགས་འདུས་པའི་གསར་འགོད་གསལ་བསྒྲགས་སྐབས་སུ་དེ་ལྟར་ཁྱབ་བསྒྲགས་གནང་འདུག ཕྱི་ཚེས་༡༢་ཉིན་ནང་སྲིད་ལས་ཁུངས་བདེ་དོན་ཚན་པའི་འགན་འཛིན་ཏེ། ཟུང་འབྲེལ་དྲུང་ཆེ་བཀྲ་ཤིས་བདེ་སྐྱིད་ལ་ཞལ་པར་བརྒྱུད་ནས་བཀའ་འདྲི་ཁག་ཅིག་ཞུ་སྐབས། ཁོང་གིས་སྲིད་སྐྱོང་གསར་པའི་འཛིན་སྐྱོང་བཀའ་ཤག་གིས་ལས་འགན་བཞེས་མ་ཐག་ཏུ་ཡོངས་ཁྱབ་གསལ་བསྒྲགས་ཐོག་མའི་སྐབས་ནས་ཏོག་དབྱིབས་ནད་དུག་གིས་མི་མང་ལ་འཚོ་བའི་དཀའ་ངལ་འཕྲད་བཞིན་པ་ཚོར་རོགས་སྐྱོར་བྱ་རྒྱུའི་ལས་གཞི་དབུ་འཛུགས་གནང་རྒྱུ་དང་རིམ་བཞིན་ནང་སྲིད་ལས་ཁུངས་ལ་དེའི་ཐད་བཀོད་མངགས་གནང་སྟེ་རོགས་དངུལ་མཁོ་སྒྲུབ་དང་། མི་མང་དཀའ་ངལ་ཅན་ཚོའི་མིང་གཞུང་བསྡུ་རུབ་ཞུ་རྒྱུ་སོགས་ཀྱི་ལས་དོན་ཁག་སྒྲུབ་ཀྱི་ཡོད་ཅེས་ལན་འདེབས་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བདེ་དོན་ཚན་པས་༢༠༢༠ལོར་ཏོག་དབྱིབས་ནད་དུག་ཐོག་མར་ཁྱབ་པའི་སྐབས་སུའང་རྒྱ་གར་རྒྱལ་ཡོངས་སུ་འགྲོ་འོང་བཀག་འགོག་གིས་སྒོ་རྒྱ་བསྡམས་པའི་རྐྱེན་གྱིས་མི་མང་གི་རྒྱུན་ལྡན་ལས་རིགས་ཁག་གཉེར་མ་ཐུབ་པར་འཚོ་བར་དོ་ཕོག་བྱུང་སྟེ་ཧིན་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་མ་ཟིན་ཙམ་ཞིག་རོགས་རམ་སྤྲད་པ་མ་ཟད། ཧིན་སྒོར་བྱེ་བ་གཅིག་ལྷག་གི་རིན་འབབ་ཀྱི་ཟ་འབྲུ་སོགས་རོགས་སྐྱོར་སྤྲད་ཡོད་ཅིང་། ད་ལྟ་སླར་ཡང་ནད་རླབས་གཉིས་པའི་དུས་སུ་ཧིན་སྒོར་བྱེ་བ་གཉིས་ལྷག་བགོས་འགྲེམས་ཟིན་འདུག ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཉམ་ཐག་ཚོར་རྟག་ཏུ་འཚོ་སྣོན་རོགས་དངུལ་ཧིན་སྒོར་ལྔ་སྟོང་རེ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༨ པའི་ཚེས་༡༢ ཉིན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བཤད་སྐབས་སུ་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བདུན་ཕྲག་འདིར་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་༡༣༢ ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག བདུན་ཕྲག་སྔོན་མ་དང་བསྡུར་ན་ནད་པའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་ཀྱང་སྟབས་མ་ལེགས་པ་ཞིག་ནི་བོད་པ་༤་ལ་ནད་དུག་འགོས་ནས་འཆི་སྐྱོན་བྱུང་པ་དང་། ད་ལྟའི་དུས་འདིར་ཨ་རི་དང་རྒྱ་གར་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་འགོས་མཁན་ཇེ་མང་དང་ངོ་བོ་འགྱུར་བའི་ནད་དུག་རིགས་མ་འདྲ་བ་ལྔ་ཐོན་འདུག ནད་རྟགས་མང་ཆེ་བ་ནི་གཅིག་མཚུངས་ཡིན་པས་ནད་དུག་སྔོན་འགོག་གང་གཟབ་གནང་དགོས་རྒྱུ། ད་དུང་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་ཆེད་དུ་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ས་གནས་ས་ཐོག་ཏུ་རྟོག་ཞིབ་ལ་སྐྱོད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག ད་ལྟ་བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་བཙན་བྱོལ་བ་༦༠༨༠ ལ་ནད་དུག་འགོས་པ་དང་མི་༡༤༤ ལ་འཆི་སྐྱོན་བྱུང་བ། མི་༦༦༣༡ དྲག་སྐྱེད་དང་སྨན་བཅོས་བྱེད་བཞིན་པ་༣༠༥ ཡོད་པ་བཅས་ཀྱི་སྐོར་བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG