ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཁམས་བྲག་འགོ་དགོན་པའི་སློབ་གྲྭའི་གྲྭ་པ་ཁག་ཕྱིར་ཕུད།


༄༅།། ༢༠༢༡་ལོའི་ཕྱི་ཟླ་༡༡་པའི་མགོ་སྟོད་དེར་ཁམས་བྲག་འགོ་དགོན་ཆེན་གྱི་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་གཏོར་བ་དང་སློབ་གཉེར་བ་གྲྭ་པ་མང་པོ་ཕྱིར་ཕུད་བཏང་ཞིང་། དེང་སྐབས་ཕྱིར་ཕུད་བཏང་བའི་དགེ་འདུན་པ་ཚོར་སྤྱི་ཚོགས་སུ་སློབ་གཉེར་གྱི་གོ་སྐབས་མ་ཐོབ་པ་དང་མ་འདོད་བཞིན་དུ་ཁྱིམ་པའི་འཚོ་བར་མ་རོལ་ཀ་མེད་དུ་གྱུར་ཡོད་པའི་གནས་སུ་གྱུར། ད་ལྟ་དགོན་པར་ཡོད་པའི་སློབ་གཉེར་བ་གཞན་ཚོར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པས་མ་འོངས་པར་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ཐད་དགོན་པས་སེམས་འཚབ་བྱེད་བཞིན་ཡོད་པ་རེད་ཅེས་མིང་བརྗོད་འདོད་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་གཙོ་བོ་དགེ་འདུན་གྱི་སྡེ་དང་སློབ་གཉེར་བའི་སྡེ་ལ་རག་ལས་ཡོད་སྟབས་སློབ་གཉེར་གྱི་བསྟི་གནས་རྩ་གཏོར་བཏང་བ་དང་དགེ་འདུན་པ་ཕྱིར་ཕུད་བཏང་བ་ནི་སྟོན་པའི་སྐུ་བརྙན་གཏོར་བ་ལས་ཀྱང་ཛ་དྲག་ཆེ་བ་དང་སེམས་འཚབ་བྱེད་དགོས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག

སྤྱིར་རྒྱ་ནག་གཞུང་གིས་སྔ་ལོའི་ཕྱི་ཟླ་༡༡་པའི་མགོ་སྟོད་དེར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་དགེ་ལྡན་ནང་བསྟན་སློབ་གྲྭར་འཛུགས་སྐྲུན་གྱི་ཡིག་ཆ་ཚད་ལྡན་མི་འདུག་ཅེས་ཉིན་གསུམ་ལ་དགོན་པའི་སློབ་གྲྭའི་ཁང་པ་རྣམས་བཤིག་དགོས། གལ་སྲིད་མ་བཤིག་ན་ས་གནས་གཞུང་གིས་འཕྲུལ་འཁོར་བཏང་ནས་གཏོར་བཤིག་གཏོང་རྒྱུ་ཡིན། སློབ་གྲྭའི་ཁང་པའི་ཤིང་ཆ་ཚང་མ་གཞུང་བཞེས་དང་རྩ་མེད་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་སྟེ་དགོན་པའི་སློབ་གྲྭ་རྩ་གཏོར་གཏོང་དགོས་བྱུང་ཞིང་། རྒྱ་གཞུང་གིས་བྲག་འགོ་ཁུལ་དུ་སྤྱི་ཚོགས་དྲྭ་ལམ་ལ་དམ་དྲག་དང་ཚོད་འཛིན་བྱེད་བཞིན་ཡོད་པས་ས་གནས་ཀྱི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པར་མ་ཟད། སློབ་གྲྭ་བཤིག་རྗེས་སློབ་གྲྭའི་སློབ་ཕྲུག་དགེ་འདུན་པ་དེ་དག་གི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།

དེ་སྔོན་བྲག་འགོ་དགོན་པའི་སློབ་གྲྭའི་ཕྱི་ནང་འཛུགས་སྐྲུན་གྱི་གནས་སྟངས་ཞན་པོ་ཡོད་པས་༢༠༡༤་ལོར་བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་གསར་དུ་བཙུགས། ༢༠༡༨་ལོར་སློབ་གྲྭ་དེའི་ཕྱི་ནང་གི་འཛུགས་སྐྲུན་ལེགས་འགྲུབ་ཀྱིས་སློབ་ཁྲིད་མགོ་བརྩམས། རྒྱ་ནག་གཞུང་གིས་བོད་ལ་རང་ལོ་༡༨་མན་ཆད་རྣམས་དགོན་པར་ཞུགས་མི་ཆོག་པ་བཟོས་པ་ལྟར་བྲག་འགོ་དགོན་པའི་སློབ་གྲྭའི་ལོ་ཆུང་དགེ་འདུན་པ་༢༠་ལྷག་སྒྲིག་གཞི་འོག་ཕྱིར་ཕུད་བཏང་བ་དང་སློབ་གྲྭའི་ནང་དུ་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་སློབ་སྦྱོང་སྤྲོད་བཞིན་ཡོད་ཅིང་། ད་ལྟ་རྒྱ་ནག་གཞུང་གི་བཙན་བཀའ་བཏང་སྟེ་སློབ་གྲྭ་དེ་ལོ་གསུམ་ལས་འཛིན་སྐྱོང་བྱེད་མ་ཐུབ་པར་སྔ་ལོ་རྒྱ་གཞུང་གིས་དགོན་པའི་སློབ་གྲྭ་བཤིག་ཡོད་པ་བཅས་ཀྱིས་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG