ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་ཁམས་བྲག་འགོ་རྫོང་དུ་བོད་པའི་ཚོང་ཁང་སོགས་རྩ་གཏོར།


༄༅།། ༢༠༢༢་ལོའི་ཕྱི་ཟླ་༥་པའི་མགོ་སྟོད་ནས་རྒྱ་གཞུང་གིས་ཁམས་བྲག་འགོ་རྫོང་ཐོག་ཏུ་ཡོད་པའི་བོད་པའི་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་བཅས་ཐོག་བརྩེགས་གཉིས་པ་ནས་བཞི་པའི་བར་གྱི་ཁང་པ་ཆེ་ཆུང་༡༡་ལ་ཡིག་ཆད་ཚད་ལྡན་མེད་པ་དང་ཁང་པ་ཆེ་དྲགས་པ། རྒྱ་ལམ་འགོག་གི་འདུག་ཅེས་རྒྱུ་མཚན་མི་འདྲ་བ་གསུམ་བགྲངས་ནས་ཁང་པ་གཏོར་བཤིག་བཏང་འདུག་ཅེས་མིང་བརྗོད་འདོད་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བྲག་འགོ་ཞིག་གིས་འདི་གའི་གསར་འགོ་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་མང་ཚོགས་ཀྱིས་ཁང་པ་བཤིག་དགོས་པའི་་རྒྱུ་མཚན་དེ་དག་བདེན་པ་མིན་པའི་ཁུངས་སྐྱེལ་བྱས་ཀྱང་ཁྱེད་ཚོ་མུ་མཐུད་དུ་ས་དེར་སྡོད་འདོད་ཡོད་ན་རྒྱ་སྒོར་ཁྲི་༢༠༠་ནས་༤༠༠་བར་གྱི་དཔྱ་ཁྲལ་འཇལ་དགོས་ཞེས་བསྒྲགས། མི་མང་གིས་དཔྱ་ཁྲལ་དངུལ་འབོར་ཆེན་པོ་དེ་འདྲ་སྤྲོད་མ་ཐུབ་པས་བཙན་དབང་གིས་ཟ་ཁང་དང་མགྲོན་ཁང་། ཚོང་ཁང་བཅས་ཁང་པ་༡༡་གཏོར་བཤིག་བཏང་ནས་གུན་གསབ་གང་ཡང་སྤྲད་མེད་པའི་གནས་ཚུལ་ཐོན་འདུག

བྲག་འགོ་རྫོང་ཐོག་ཏུ་ཡོད་པའི་བོད་པའི་ཟ་ཁང་དང་ཚོང་ཁང་། མགྲོན་ཁང་རྣམས་ལོ་མང་སྔོན་ནས་རྫོང་གིས་ཆོག་མཆན་བཀོད་ནས་མང་ཚོགས་ཀྱིས་ཁྲིམས་མཐུན་ལྟར་བརྒྱབ་པ་ཡིན་ཞིང་། དེ་དུས་ནས་ཁང་པ་དེ་དག་རྒྱ་ལམ་འགྲམ་དུ་ཡོད་པར་མ་ཟད། རྒྱ་ལམ་བཀག་སྟེ་ཁྲིམས་འགལ་བྱས་པ་ཞིག་གཏན་ནས་མ་རེད་ཅེས་གནས་ཚུལ་དེར་རྒྱུས་མངའ་ཟབ་མོ་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་བྲག་འགོ་བ་གཞན་ཞིག་གིས་འགྲེལ་བརྗོད་བྱས་འདུག ཚོང་ཁང་དང་ཟ་ཁང་། མགྲོན་ཁང་གི་བདག་པོ་ཚོས་གོང་རིམ་ལ་ཞུ་གཏུག་རིམ་པར་བྱས་ཀྱང་བདག་སྤྲོད་བྱས་མེད་པའི་གནས་ཚུལ་ཐོན་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། རྒྱ་ནག་གཞུང་གིས་རྒྱུ་མཚན་ཅི་ཡིན་གསལ་བཤད་མེད་པར་ལོ་འདིར་ཁམས་བྲག་འགོ་དགོན་ཆེན་དུ་ལོ་རེའི་སྲོལ་རྒྱུན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡང་ཚོགས་བཅུག་མེད་པ་དང་བྲག་འགོ་ཁུལ་དུ་ས་གནས་གཞན་དང་མ་འདྲ་བར་དམིགས་བསལ་གྱི་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG