ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྲག་འགོ་དགོན་གྱི་གྲྭ་པས་སྟོན་པའི་སྐུ་བརྙན་གཏོར་པ་རེད་ཅེས་ཉེས་འཛུཊ།


༄༅།། རྒྱ་ནག་གཞུང་གིས་༢༠༢༡་གི་ལོ་མཇུག་ཏུ ཁམས་བྲག་འགོར་མཐོ་ཚད་ཧྥི་ཊི་༩༩་ཅན་གྱི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་བཞེངས་ཡོད་པ་མཐོ་དྲགས་པ་རེད་ཅེས་བཙན་དབང་གིས་རྩ་གཏོར་བཏང་བའི་གནས་ཚུལ་གྱི་པར་དང་བརྙན་སོགས་ཇི་མ་ཇི་བཞིན་ཕྱི་ཕྱོགས་སུ་འབྱོར་ནས་ཕྱིའི་གསར་འགྱུར་བ་བརྒྱུད་ལམ་ཁག་ཏུ་ཁྱབ། ལྷག་དོན་དུ་ཨ་རི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་བཙན་བྱོལ་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་དང་ཁ་རྡུང་དྲག་པོ་བཏང་སྟེ་རྒྱལ་སྤྱིའི་གནས་ཚུལ་ཞིག་ཏུ་གྱུར། ༢༠༢༢་ལོའི་ཕྱི་ཟླ་༥་པའི་ཚེས་༦་ནས་བྲག་འགོ་དགོན་པའི་དགེ་འདུན་པ་ཚོར་སྟོན་པའི་སྐུ་བརྙན་བཤིག་མཁན་དེ་རྒྱ་ནག་གཞུང་མིན། ཆོས་དད་རང་དབང་གི་སྲིད་ཇུས་གཞིར་བཟུང་དགོན་པའི་དགེ་འདུན་པ་ཚོས་རང་ངོས་ནས་སངས་རྒྱས་ཀྱི་སྐུ་བརྙན་གཏོར་བ་ཡིན་ཞེས་ཁས་ལེན་ཡིག་ཆ་ཞིག་ལ་བཙན་དབང་གིས་མིང་རྟགས་འགོད་དུ་འཇུག་གི་ཡོད་ཅིང་། མིང་རྟགས་འགོད་རྒྱུར་ངོས་ལེན་བྱས་མིན་གྱི་གནད་དོན་ཐོག་ཏུ་དགེ་འདུན་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ཁམས་བྲག་འགོའི་ཡུལ་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་རྒྱ་ནག་གཞུང་གིས་བཙན་དབང་གིས་བྲག་འགོའི་དགེ་འདུན་པ་ཚོར་མིང་རྟགས་འགོད་དུ་འཇུག་དགོས་དོན་ནི་སྐུ་བརྙན་གཏོར་བཤིག་བཏང་བ་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས། ཆོད་དད་རང་དབང་གི་ཁྲིམས་དང་འགལ་ཡོད་སྟབས་རྒྱལ་སྤྱིའི་སྤྱི་ཚོགས་དང་གསར་ལམ་ཁག་ནས་དོ་སྣང་ཆེན་པོ་བྱས་ཏེ་རྒོལ་གཏམ་དྲག་པོ་བཏང་ཡོད་པའི་གནོན་ཤུགས་ལ་གཡོལ་ཐབས་རེད་ཅེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། རྒྱ་གཞུང་གིས་དེ་སྔོན་གཏོར་བའི་སྟོན་པའི་སྐུ་བརྙན་དེ་བྲག་འགོ་དགོན་ཆེན་ལ་བསྐྱར་དུ་གསར་བཞེངས་བྱེད་དགོས་ཚུལ་བཤད་པའི་གནད་ཚུལ་ཞིག་གོ་ཐོས་བྱུང་ཞིང་། གལ་ཏེ་བདེན་པ་ཡིན་ན་དེ་སྔོན་གཏོར་བའི་སྟོན་པའི་སྐུ་བརྙན་ནི་བྲག་འགོ་དགོན་པར་གཏོགས་པ་ཞིག་མིན་པར་བྲག་འགོ་ཡུལ་གྱི་ཆོས་བརྒྱུད་རིས་མེད་དང་སྐྱ་སེར་དབྱེར་མེད་ཀྱིས་ཞལ་འདེབས་ཕུལ་ནས་བཞེངས་པའི་བྲག་འགོ་སྤྱི་བའི་སྐུ་བརྙན་ཞིག་ཡིན་འདུག ད་ལྟ་བྲག་འགོ་དགོན་པར་བཞེངས་དགོས་ཞེས་བཙན་བཀའ་བཏང་སྟེ་བྲག་འགོ་དགོན་པ་དང་ཡུལ་མིའི་དབར་འགལ་ཟླ་སློང་རྒྱུའི་གཡོ་ཐབས་ཤིག་ཡིན་སྲིད་ཅེས་ངོས་འཛིན་བྱས་འདུག དེ་བཞིན་གསར་འགྱུར་མཁོ་སྤྲོད་པ་གཞན་པ་ཞིག་གིས་ཀྱང་༢༠༢༡་ལོའི་ཕྱི་ཟླ་༡༢་པའི་ཟླ་མཇུག་ཏུ་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་ངམ། བྲག་འགོ་དགོན་ཆེན་གྱི་སློབ་གྲྭ་རྩ་གཏོར་བཏང་བ་དང་དེའི་རྗེས་སུ་མཐོ་ཚད་ཧྥི་ཊི་༩༩་ཅན་གྱི་སྟོན་པའི་སྐུ་བརྙན། མ་ཎི་འཁོར་ལོ་༤༥་དང་མཐོ་ཚད་ཐོག་བརྩེགས་གསུམ་ཡོད་པའི་རྒྱལ་བ་བྱམས་པའི་སྐུ་བརྙན། གྲྭ་ཤག་བཅས་མང་པོ་ཞིག་གཏོར་བཤིག་བཏང་སྟེ་བྲག་འགོ་གཡི་ཉ་སྡེ་པའི་གྲོང་ཚོ་གཉིས་ཀྱི་མང་ཚོགས་ལ་དྲག་གནོན་བྱས་ནས་མི་མང་པོར་འཆི་རྨས་བྱུང་བའི་གནས་ཚུལ་ཐོན།།

ཨ་རིའི་སྲིད་གཞུང་གིས་བྲག་འགོའི་གནས་སྟངས་དེར་སེམས་འཚབ་ཡོད་པའི་གསལ་བསྒྲགས་སྤེལ་བར་མ་ཟད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཐོན། སྔོན་ཆད་ཏ་ལི་བྷན་གྱིས་ཨབ་གྷ་ཎི་སི་ཐན་གྱི་བྷ་མི་ཡན་བྲག་ཕུག་གི་སྟོན་པའི་སྐུ་བརྙན་ཆེན་པོ་ཞིག་གཏོར་བཤིག་བཏང་བ་དེ་དང་བྲག་འགོའི་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་བ་གཉིས་གཅིག་མཚུངས་རེད་ཅེས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་ཕོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་སྲིད་གཞུང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་བོད་པ་བཙན་བྱོལ་བ་བཅས་ཀྱིས་རྒྱ་གཞུང་གི་སྤྱོད་པ་དེར་ངོ་རྒོལ་དང་བྲག་འགོའི་བོད་པ་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྒྱ་ཆེན་ཞིག་སྤེལ་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཀུན་གླེང་བརྙན་འཕྲིན་ཐད་གཏོང་།

ཀུན་གླེང་། ༢༠༢༤ ལོའི་ཟླ་༣ ཚེས་༢༩
please wait

No live streaming currently available

0:00 0:00 Live
XS
SM
MD
LG