ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིས་བོད་རྒྱ་ནག་ཆ་ཤས་རེད་ཅེས་འབྲི་སྲོལ་ཡོད་པ་ནག་སུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིས་བོད་རྒྱ་ནག་ཆ་ཤས་རེད་ཅེས་འབྲི་སྲོལ་ཡོད་པ་ནག་སུབ།

༄༅།། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་༢༠༢༠་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་སྔོན་ཆད་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་རེད་ཅེས་འབྲི་སྲོལ་ཡོད་པ་ནག་སུབ་བཏང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འཐུས་མི་རུ་བྷིའོ་དང་ལེ་ཧི་གཉིས་ཀྱིས་སྔོན་ཆད་ཕྱི་སྲིད་ལྷན་ཁང་གི་བོད་དོན་ཡིག་ཆ་ཁག་ཏུ་རྒྱུ་མཚན་ཡང་དག་མེད་པའི་ཚིག་རྗོད་བཀོད་པ་རྣམས་ཐེངས་འདིར་འབྲི་འགོད་བྱ་རྒྱུ་མཚམས་འཇོག་བྱས་པར་བསྔགས་བརྗོད་ཡོད་ཅེས་གསུངས་འདུག

བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་མཱར་ཁོ་རུ་བྷིའོ་དང་ཕེ་ཊི་རིཀ་ལེ་ཧི་གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་ཏེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ ༢༠༢༠་ལོའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་བོད་དོན་གྱི་ཚིག་སྦྱོར་འགོད་སྟངས་ལ་འགྱུར་བ་ཕྱིན་པར་བསྔགས་བརྗོད་གནང་ཞིང་། ཕྱི་ཚེས་༤་ཉིན་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ཎི་བྷ་ལིན་ཁེན་ལ་ཕྱག་བྲིས་བཏང་སྟེ་ཉེ་ཆར་ཕྱི་སྲིད་ལྷན་ཁང་གིས་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་དུ་བོད་ཀྱི་ཚན་པ་དེའི་འགོ་བརྗོད་ལ་སྔོན་ཆད་འབྲི་སྲོལ་ཡོད་པ་སྟེ། ཨ་མི་རི་ཀས་བོད་རང་སྐྱོང་ལྗོངས་དང་བོད་རང་སྐྱོང་ཁུལ། རང་སྐྱོང་རྫོང་རྣམས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བྲིས་ཡོད་པ་རྣམས་རྒྱུ་མཚན་ཡང་དག་མེད་པར་མཐོང་བའམ། ཡང་ན་དགོས་མཁོ་མེད་པར་བརྩིས་ཏེ་ནག་སུབ་བཏང་འདུག་པར་ང་ཚོ་དགའ་ཚོར་བྱུང་སོང་ཞེས་བཀོད།།

གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཕྱི་སྲིད་དྲུང་ཆེར་བཏང་པའི་ཕྱག་བྲིས་དེར་ང་ཚོས་རྒྱ་ནག་དམར་ཤོག་གཞུང་དང་རྒྱ་ནག་མི་དམངས་གཉིས་ལ་འབྲེལ་བ་བྱེད་པའི་སྐབས་སུ་རྒྱ་ནག་དམར་ཤོག་ཚོགས་པར་ཆ་རྐྱེན་འདོན་དུ་འཇུག་མི་ཉན། རྒྱ་ནག་དམར་ཤོག་ཚོགས་པས་ས་གནས་ས་ཐོག་གི་གནས་སྟངས་ལ་འདས་དང་མ་འོངས། ད་ལྟ་བཅས་ལ་འགྲེལ་བཤད་རྒྱག་གི་ཡོད་པར་ང་ཚོས་སྐྱོན་བརྗོད་མེད་པར་ངོས་ལེན་ཡང་བྱེད་མི་ཉན་ཞེས་བཀོད་ཡོད་པར་མ་ཟད། ༢༠༡༩་ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཞི་ཟིན་བྲིས་འདེབས་མཁན་གྲོས་ཚོགས་གོང་མའི་འཐུས་མི་རུ་བྷིའོ་དང་ལེ་ཧི་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་གོང་འཕེལ་གཏོང་རྒྱུ་ནི་ང་ཚོའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གྲུབ་ཆའི་སྙིང་པོར་འཛིན་དགོས། ང་ཚོས་ཁེ་ཕན་གཞན་གྱི་ཆེད་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་འབྲེལ་བ་བྱེད་པའི་དུས་སུ་གོང་གི་རྩ་དོན་དེ་རྣམས་སྣང་མེད་དུ་མི་གཏོང་བ་དང་ཕྱི་སྲིད་དྲུང་ཆེ་གང་ཉིད་ལ་མཉམ་འབྲེལ་གྱི་སྒོ་ནས་ལས་དོན་བསྒྲུབ་འདོད་ཡོད་ཅེས་བཀོད་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་གཉིས་ཀྱིས་ཕྱག་བྲིས་དེར་པེ་ཅིང་གཞུང་གིས་བོད་ཀྱི་ཁྲིམས་མཐུན་རང་བཞིན་གྱི་བདག་དབང་ནུས་མེད་བཟོ་རྒྱུ་ནི་ཐབས་བྱུས་གནད་འགག་ཆེ་ཤོས་སུ་རྩི་འདུག་ཅེས་ཁྲིམས་ལུགས་མཁས་པ་ཚོས་ལོ་བཅུ་ཕྲག་མང་པོར་དོ་སྣང་བྱུང་ཡོད། སྔོན་ཆད་ཨ་མི་རི་ཀའི་གཞུང་གིས་བོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ལ་ངོས་ལེན་ཡོད་པའི་གསལ་བསྒྲགས་སྤེལ་བ་རྣམས་བསམ་བཞིན་བྱས་པ་ཞིག་མིན་རུང་བོད་པ་ཚོས་རྒྱ་ནག་ལ་གྲོས་མོལ་བྱ་ཐབས་བྱས་པ་དེར་དོ་ཕོག་བྱུང་ཡོད། ཨ་རིས་གསལ་བསྒྲགས་དེ་འདྲ་ཞིག་སྤེལ་བ་རྒྱ་ནག་གཞུང་བློ་ཁ་ཚིམས་ཐབས་ཤིག་ཡིན་རུང་བོད་པ་ཚོར་དོན་དམ་གྱི་རང་སྐྱོང་གི་ཐོབ་ཐང་འཐོབ་རྒྱུ་དེར་ཨ་རིའི་གཞུང་གིས་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ཉམས་དམས་སུ་ཕྱིན་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། བཙན་བྱོལ་བོད་མིའི་གཞུང་ལ་འགྲིག་འཇགས་བྱེད་ན་དམར་ཤོག་ཚོགས་པར་ཁྲིམས་མཐུན་གྱི་བདག་དབང་ངོ་མ་དེ་འཐོབ་སྲིད་ཅེས་བརྗོད་འདུག

ཨ་རིའི་མངའ་སྡེ་ཝྭར་མོན་ཊིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལེ་ཧི་ནི་༡༩༨༨་ལོར་བོད་ལ་ཕེབས་མྱོང་ཡོད་ཅིང་། ཁོང་ལ་སྐབས་དེར་བོད་པ་ཞིག་གིས་བློ་ཁོག་ཆེན་པོས་༧གོང་ས་མཆོག་གི་སྐུ་པར་ཞིག་བསྟན་མྱོང་ཡོད་པ་ནི་ཡང་ནས་ཡང་དུ་མང་ཚོགས་ལ་གསུངས། ༧གོང་ས་མཆོག་ཨ་རིར་ཕེབས་པའི་མཛད་རིམ་འགའ་ཞིག་གི་སྐབས་སུ་གྲོས་ཚོགས་འཐུས་མི་ལེ་ཧིས་གནས་ཚུལ་དེ་གསུངས་མྱོང་ཞིང་། ཁོང་ནི་ཡུན་རིང་གི་ཨ་རིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་གྱི་ཁྲིམས་གཞི་ཁག་ལ་རྒྱབ་སྐྱོར་གནང་མཁན་བོད་པའི་གྲོགས་པོ་རྙིང་པ་ཞིག་རེད། ད་ལྟ་ཁོང་གྲོས་ཚོགས་གོང་མའི་ཚོད་དཔག་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མར་སྲིད་འཛིན་གཞོན་པ་མ་ཕེབས་པའི་རིང་དུ་འགོ་ཁྲིད་ཀྱི་ཐུགས་འགན་བཞེས་འདུག དེ་བཞིན་ཧྥུ་ལོ་རི་ཌ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱར་ཁོ་རུ་བྷིའོ་ནི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཤུགས་ཆེན་པོ་ཞིག་ཡིན་པ་རེད།།

XS
SM
MD
LG