ངོ་འཕྲད་བདེ་བའི་དྲ་འབྲེལ།

དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཕར་འགྱངས།


༄༅།། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་འགན་ཁུར་བ་དགེ་ལྡན་སྤྱི་ལས་ཁང་གི་ཚོགས་གཙོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་གྱིས་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལོའི་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་དེ་བོད་ཟླ་༧་པར་གཏན་ཁེལ་ཡོད་ཀྱང་རྒྱུགས་སྤྲོད་ལ་ཞུགས་མཁན་སློབ་གཉེར་བའི་གྲས་སུ་ཏོག་དབྱིབས་ནད་དུག་ཕོག་ཡོད་པ་ཁག་ཅིག་ཡོད་པས་སློབ་གཉེར་ལ་འཐུས་ཤོར་དང་སློབ་གཉེར་བ་བྱིངས་ལ་ནད་དུག་མི་འགོ་བ། སྨན་ཁབ་དུས་ཐོག་ཏུ་བརྒྱབ་མ་ཚར་བ་བཅས་རྒྱུ་རྐྱེན་གསུམ་ལ་བརྟེན་ནས་ཉེ་ལམ་ཕྱི་ཟླ་༦་ཚེས་༢༡་ཉིན་གདན་ས་གསུམ་གྱི་མཁན་པོ་རྣམས་དང་དགེ་ལུགས་རྒྱུགས་སྤྲོད་ཀྱི་ལས་བྱེད་པ་རྣམས་དྲྭ་ལམ་དུ་ཚོགས་འདུ་ཚོགས་ཏེ་བོད་ཟླ་༨་པའི་ཚེས་༡༧་བར་དུ་ཟླ་བ་གཅིག་དང་ཕྱེད་ཀར་རྒྱུགས་སྤྲོད་ཕར་འགྱངས་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་འདུག དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་སློབ་གཉེར་ཡར་རྒྱས་འགྲོ་རྒྱུར་ཧ་ཅང་གལ་གནད་ཆེན་པོ་ཡིན་པར་མ་ཟད། དགེ་ལུགས་རྒྱུགས་སྤྲོད་ལ་མ་ཞུགས་ན་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་ཐུབ་ཀྱི་མེད་པ་རེད།།

ཐོག་མར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་བྱེས་ཀྱི་གདན་ས་སེ་འབྲས་དགེ་གསུམ་སོགས་དགོན་སྡེ་ཁག་ཏུ་ན་ནིང་ཕྱི་ཟླ་༣་པ་ནས་སློབ་གཉེར་མཚམས་འཇོག་བྱ་དགོས་བྱུང་ཞིང་། ད་ལོའི་ཕྱི་ཟླ་༣་པར་སློབ་གཉེར་བསྐྱར་དུ་འགོ་ཚུགས་ཀྱང་ནད་རླབས་གཉིས་པ་དེ་བསླེབས་པའི་རྗེས་སུ་བསྐྱར་དུ་སློབ་མཚམས་བཞག་སྟེ་གདན་སའི་བསླབས་པ་སློབ་གཉེར་ལ་འཐུས་ཤོར་ཆེན་པོ་བྱུང་ཞིང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ནི་གདན་ས་སེ་འབྲས་དགེ་གསུམ་གྱི་གྲྭ་ཚང་༦་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་སློབ་གཉེར་བ་རང་རང་གི་གདན་ས་གྲྭ་ཚང་དུ་རྒྱུགས་སྤྲོད་ཟིན་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་པར་སྔོན་ལ་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གིས་སྟངས་འཛིན་དང་གོ་སྒྲིག་འོག་ལོ་དྲུག་ལ་ངེས་པར་དུ་རྒྱུགས་སྤྲོད་པ་ཡོངས་རྫོགས་མཉམ་ཞུགས་བྱེད་དགོས་པའི་རྒྱུགས་སྤྲོད་ཅིག་ཡིན་པར་མ་ཟད། དེ་ནི་ཕྱི་ལོ་༡༩༧༣་ལོར་བཙན་བྱོལ་སྤྱི་ཚོགས་སུ་གསར་གཏོད་བྱུང་བའི་རྒྱུགས་སྤྲོད་ཅིག་ཡིན་ཞིང་། དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་ཚན་ཁག་ལ་མཚོན་ན་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་ལྔ་དང་བོད་ཀྱི་བརྡ་སྤྲོད་རིག་གནས། དེང་རབས་ཀྱི་ནུབ་ཕྱོགས་པའི་ཚན་རིག་བཅས་འདུས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG