ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་པའི་དགོན་སྡེ་སོགས་ཀྱི་སྨན་སྦྱིན་ལ་བསྔགས་བརྗོད་ཐོབ།


༄༅།། རྒྱ་གར་དུ་གཞིས་ཚུགས་པའི་བོད་ཀྱི་ཆོས་རྒྱུད་ཁག་གི་དགོན་སྡེ་གྲྭ་ཚང་དང་བླ་བྲང་ཁག མི་སྒེར་པ་སོགས་ཀྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྐབས་འདིར་བོད་པ་དང་རྒྱ་གར་བ་ཚོར་ཟ་འབྲུ་རོགས་རམ་དང་འགོག་ཁབ་སྨན་སྦྱིན་བཏང་སྟེ་བོད་པ་བཙན་བྱོལ་བ་བྱིངས་དང་ས་གནས་རྒྱ་གར་བ་བཅས་ཀྱི་བསྔགས་བརྗོད་ཐོབ། ལྷག་པར་དུ་བོད་པའི་ན་གཞོན་དང་རྒྱ་གར་བ་ཚོར་བོད་ཀྱི་དགོན་སྡེ་ཁག་གིས་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག ཐོག་མར་༡༩༥༩་ལོར་བོད་པ་ཚོ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་དུས་སུ་ངོ་ཤེས་པ་ནི་ས་དང་གནམ་མ་གཏོགས་མེད་ཀྱང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་རིས་སུ་མ་མཆེད་པའི་བོད་ཀྱི་དགོན་པ་གྲྭ་ཚང་ཁག་གསར་དུ་ཚུགས་ཏེ་བསླབ་པ་སློབ་གཉེར་རྣམས་མགོ་བརྩམས། དེ་ནས་ལོ་རེ་བཞིན་ཡར་རྒྱས་ཆེན་པོ་བྱུང་སྟེ་དགོན་པ་གྲྭ་ཚང་ཁག་གི་ཕྱི་ནང་གི་བཀོད་པ་དང་འཛུགས་སྐྲུན་རྣམས་གྲ་རྒྱས་ཕུན་སུམ་ཚོགས་པར་གྱུར།།

འདས་པའི་ལོ་མང་རིང་ཆོས་རྒྱུད་ཁག་གི་དགོན་པ་གྲྭ་ཚང་ཚོས་མང་ཚོགས་ཀྱི་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོ་སོགས་ལ་རོགས་རམ་གྱི་ལས་གཞི་མང་པོ་འགོ་བཙུགས། ༢༠༡༩་ཡི་ལོ་མཇུག་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཀྱིས་དཀའ་ངལ་ཆེན་པོ་ཕྲད་པའི་རིང་དེར་རིས་མེད་ཆོས་རྒྱུད་ཁག་གི་དགོན་སྡེ་ཁག་དང་བླ་བྲང་ཁག བོད་པའི་བླ་སྤྲུལ་ཁག་དང་དགེ་བཤེས་གཏོང་ཕོད་ཅན་མང་པོས་སྤྱི་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་དཔལ་འབྱོར་དང་ཟ་འབྲུ་བཅས་ཀྱི་རོགས་རམ་གནང་བར་མ་ཟད། ད་ལྟ་མང་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་སྦྱིན། ནད་ཡམས་སྔོན་འགོག་གི་མདུན་སར་ཐོན་པའི་སྨན་པ་དང་སྨན་ཞབས་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ལ་ཁ་རས་དང་སྨན་བཅོས་ཀྱི་ཡོ་བྱད་རོགས་རམ། འཚོ་རྟེན་མེད་པའི་མི་མང་ཉམ་ཐག་ལ་སྐམ་ཟས་སྦྱིན་གཏོང་། དེ་བཞིན་དངུལ་སྒོར་ཞལ་འདེབས་སོགས་རླབས་ཆེན་གྱི་གཞན་ཕན་སྒྲུབ་ཀྱི་ཡོད་པ་རེད།།

ལྡི་ལིའི་བོད་ཀྱི་འབྲས་ནད་ཚོགས་པས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་ཛ་དྲག་གི་དུས་སུ་སྤྱི་ཚོགས་སྲི་ཞུ་བ་ཚོས་རང་ཉིད་བློས་བཏང་སྟེ་ནད་པ་ཚོར་རོགས་སྐྱོར། བོད་ཀྱི་འབྲས་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེས་ཚོགས་པ་དེར་ཞལ་འདེབས་གནང་གཙོ་ཆེ་ཤོས་ནི་དགོན་པ་གྲྭ་ཚང་ཁག་གི་མཁན་པོ་བླ་སྤྲུལ་དང་དགེ་འདུན་ཚོ་རེད། ཞལ་འདེབས་དེ་དག་ལ་བརྟེན་ནས་བོད་ནས་ཕེབས་པ་དང་གཞིས་ཆགས་ཁག་གི་མང་ཚོགས་ཉམ་ཐག ནད་པ་མང་དག་ཅིག་ལ་རོགས་ཕན་ཆེན་པོ་བྱུང་སོང་ཞེས་བཀྲལ། དབྱིན་ཡུལ་དུ་གནས་འཁོད་སེར་སྨད་བླ་མ་བློ་བཟང་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཆེ་བའི་དུས་སུ་རྒྱ་གར་ལ་ཆེད་ཕེབས་ཀྱིས་བོད་པ་དང་རྒྱ་གར་བ་བཅས་ལ་རོགས་ཕན་བསྒྲུབས། ཁོང་གིས་བོད་པའི་དགོན་པ་གྲྭ་ཚང་ཁག་གིས་རོགས་རམ་ཡག་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་པར་དགའ་པོ་བྱུང་། བོད་པའི་གཞོན་སྐྱེས་ཚོར་མིག་དཔེ་ཡག་པོ་བསྟན་པ་དང་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་སོང་ཞེས་གསུངས་འདུག

ད་ལོ་བོད་པའི་དགོན་པ་གྲྭ་ཚང་ཁག་གིས་འགོག་ཁབ་སྨན་སྦྱིན་གཏོང་བའི་ལས་གཞི་གཉེར་ནས་རྒྱ་གར་ཡུལ་མི་མང་དག་གཅིག་ལ་རོགས་རམ་ཐོབ། དཔེར་ན་རྒྱ་གར་བ་ར་ཧུལ་ཐ་པ་ཞེས་པ་ཞིག་གིས་སྨན་སྦྱིན་ལས་གཞི་འདིར་བསྔགས་བརྗོད་ཞུས། ཁོང་གིས་རྒྱ་གར་བ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རག་དཀའ་བའི་དུས་སུ་ང་ཚོར་སྨན་ཁབ་ལས་སླ་པོར་ཐོབ་སོང་། བོད་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་ས་གནས་ཀྱི་ཡུལ་མི་ཚོར་རོགས་ཕན་གྱི་ལས་འགུལ་མང་དག་ཅིག་སྤེལ་གྱི་འདུག ལས་འགུལ་དེ་དག་ཧ་ཅང་གི་ཡག་པོ་རེད་ཅེས་ངོ་སོ་ཡར་ལ་བསྟད། རྒྱ་གར་དང་བལ་ཡུལ་གཉིས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཟས་གོས་གནས་མལ་དང་སྨན་བཅོས་སོགས་ཀྱི་ཐུན་རྐྱེན་མ་ཐོབ་པར་ཚེ་སྲོག་ཤོར་བ་ཇི་སྙེད་ཅིག་བྱུང་ཡང་བོད་པ་བཙན་བྱོལ་བ་འདུས་སྡོད་གཞིས་ཆགས་ཁག་ཏུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན། བོད་ཀྱི་རིས་སུ་མ་མཆེད་པའི་རྒྱུད་ཁག་གི་དགོན་པ་གྲྭ་ཚང་སོགས་ཀྱིས་དཔལ་འབྱོར་རོགས་རམ་དང་ཞལ་འདེབས་གནང་སྟེ་ཛ་དྲག་གི་དཀའ་ངལ་ཆེན་པོ་ཞིག་ཕྲད་མེད་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG