ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རིག་རྒྱས་ཉི་མ་བཙོན་འཇུག་གི་ལོ་དུས་ཚང་ནས་གློད་གྲོལ་ཐོབ་པ།


༄༅།། ཕྱི་ལོ་༢༠༢༡་ལོའི་ཟླ་༢་ཚེས་༢༥་ཉིན་གངས་བུ་རིག་རྒྱས་ཉི་མར་རྒྱ་གཞུང་གིས་ལོ་དགུའི་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ལོ་དུས་ཚང་སྟེ་གློད་གྲོལ་བཏང་ནས་ཕ་ཡུལ་དུ་འབྱོར་འདུག དེ་ཡང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་ན་༣༠་ཐམ་པར་སོན་པའི་གངས་བུ་རིག་རྒྱས་ཉི་མ་ནི་དཀར་མཛེས་ཁུལ་གྱི་བྲག་མགོ་རྫོང་། གཙང་སྟོད་ཡུལ་ཚོའི་གཙང་སྟོད་སྡེ་བ་ནས་ཡིན་པ་དང་ཕ་མིང་ལ་དབྱེར་མེད། མ་མིང་ལ་སྐལ་བཟང་མཚོ་ཟེར་ཞིང་། ཁོ་པ་ཁྱིམ་ཚང་དེའི་བུ་གཅིག་པུ་ཡིན་དང་བཙོན་འཇུག་མ་བྱས་པའི་སྔོན་དེར་བྲག་མགོ་རྫོང་ཆུ་གློག་ལས་ཁུངས་ཀྱི་ལས་མི་ཞིག་ཡིན་འདུག

རིག་རྒྱས་ཉི་མས་ཕྱི་ལོ་༢༠༡༢་ལོའི་བོད་ཀྱི་ལོ་སར་སྐབས་སུ་བྲག་མགོ་དང་གསེར་རྟའི་ཕྱོགས་ཀྱི་མི་མང་ཧྲག་བསྡུས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་མ་ཟད། སྐབས་དེར་ཁོང་དང་བྲག་མགོ་དགོན་པའི་དགེ་འདུན་པ་བཀྲ་ཤིས་དར་རྒྱས་དང་རྣམ་རྒྱལ། ཅེས་བེ་སོགས་ཡུལ་མི་བཅུ་ལྷག་ལ་སྤྱི་ཚོགས་གཏོར་བརླག་དང་མི་རིགས་ཁ་བྲལ་གྱི་ཉེས་མིང་བཙུགས་ནས་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་སྟེ་ལོ་༡༢་ནས་༡༤་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། བཙོན་ཁང་དུ་རིག་རྒྱས་ཉི་མས་བཙོན་པའི་ཐོབ་ཐང་སྲུང་སྐྱོབ་དང་ཚད་ལས་བརྒལ་བའི་མནར་གཅོད་ལ་ངོ་རྒོལ་བྱས་པས་ཐེངས་མང་པོར་མུན་ནག་གི་བཙོན་ཤག་ཁག་ཏུ་ཡུན་རིང་བཅུག་ཅིང་། ད་ལྟ་ཁོང་གི་མིག་གིས་གསལ་པོར་མི་མཐོང་བ་དང་གློ་བ་ནད་པར་གྱུར་པ། མགོ་ནད་བྱུང་བ་དང་སྒལ་ཚིགས་ནད་པར་གྱུར་པ་སོགས་ལུས་སེམས་གཉིས་ཀར་རྒྱུན་ལྡན་མིན་པའི་ནད་གཞི་མང་ཙམ་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག

ཁོང་གི་བཙོན་གྲོགས་བཀྲ་ཤིས་དར་རྒྱས་དང་རྣམ་རྒྱལ་གཉིས་སྔར་བཞིན་བཙོན་ཁང་དུ་ཡོད་པ་དང་བཙོན་རོགས་གཞན་པ་ཁག་ཅིག་གློད་གྲོལ་ཐོབ། བཙོན་གྲོལ་ཐོབ་པ་དེ་དག་ཀྱང་རིག་རྒྱས་ཉི་མ་དང་འདྲ་བར་ལུས་སེམས་གཉིས་ཀྱི་བདེ་ཐང་རྒྱུན་ལྡན་མིན་པར་གྱུར། ཁོ་པ་ལོ་དགུའི་བཙོན་འཇུག་གི་དུས་ཡུན་ཚང་སྟེ་རང་ཁྱིམ་དུ་སླེབས་ཀྱང་ཆབ་སྲིད་བཙོན་པ་གཞན་ལྟར་རྒྱ་གཞུང་གི་ཉེན་རྟོག་པས་ཐད་གར་ཁྱིམ་དུ་བསྐྱལ་ནས་གཉེན་ཉེ་དང་གྲོགས་པོ་སོགས་ལ་བསུ་བ་བྱེད་དུ་མ་བཅུག ད་དུང་མི་མང་འདུ་འཛོམ་དང་བསང་གསོལ། གུར་ཕུབ་པ་དང་བརྙན་ལེན་པ། འདྲ་པར་བླངས་ནས་དྲྭ་ལམ་དུ་བཞག་སྟེ་བསུ་བ་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཐབས་བྱེད་ན་ཁྲིམས་འགལ་ཡིན་ཞེས་བོད་པའི་སྲིད་དོན་བཙོན་པ་ཚོར་བསུ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་འདུག

རིག་རྒྱས་ཉི་མ་བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་དུ་འབྱོར་བའི་སྐབས་སུ་ཁྱིམ་མི་ནང་འཁོར་ཚོར་སྐད་ཆ་འདི་ལྟར་བཤད་ཡོད་སྐད། འདིར་ཕེབས་པའི་ཤ་ཉེ་རིང་རྣམས་དང་རིགས། ཚོར་བ་དང་འདུ་ཤེས། ལས་དབང་གཅིག་པའི་སྤུན་གྲོགས་རྣམ་པ། ཁྱེད་ཅག་ཡུན་རིང་སེམས་ཁུར་དང་འོ་བརྒྱལ་ལ་གཏད་སོང་། ང་རིག་རྒྱས་ཉི་མ་དེ་རིང་བཙོན་གྲོལ་ཐོབ་སྟེ་སླར་ཡང་ཕ་ཡུལ་གངས་ལྗོངས་ཀྱི་པང་ཁུག་ཏུ་ཁྱེད་ཅག་ལ་མཇལ་ཐུབ་པའི་སྐལ་བ་ལྡན་པར་སེམས་གཏིང་ནས་དགའ་ཚོར་བྱུང་བས་བཀའ་དྲིན་ཆེ། སྤྱིར་ང་ནི་རང་དབང་དང་འདྲ་མཉམ། བདེན་པ་དང་ཐོབ་ཐང་རྩད་ནས་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་བྱས་ནས་མི་ལོ་དགུའི་རིང་ལ་མི་ལུས་ཀྱི་རང་དབང་ཡོད་ཚད་འཕྲོག་སྟེ་མནར་གཅོད་ཚད་མེད་མྱངས་པ་རྣམས་ནི་ཤི་ཡང་བརྗེད་དུ་མེད་པའི་ན་ཟུག་དྲག་པོ་ཞིག་ཏུ་གྱུར་ཡོད། མནར་གཅོད་ཀྱི་མི་ལོ་དགུ་ནི་དུས་ཡུན་ཐུང་ཐུང་ཞིག་ག་ལ་ཡིན། ང་དེ་རིང་སྔོན་མའི་ན་གཞོན་དེ་མིན། ངའི་དྲན་པའང་དེ་འདྲའི་གསལ་པོ་ཞིག་མ་རེད། འོན་ཀྱང་ངས་ཁྱེད་ཚོར་ཞུ་དགོས་པ་ཞིག་ལ་ང་རང་སྔར་བཞིན་འགན་ཁུར་ཡོད་པའི་བོད་པ་ཞིག་ཡིན་པ་གཏན་ནས་བརྗེད་མེད། མ་ཤི་དམྱར་བར་ལན་མང་འཁྱམ་དགོས་ཀྱང་ནམ་ཡང་བརྗེད་མི་སྲིད། ཁྱེད་ཚོས་ཀྱང་རང་ཉིད་བོད་པ་ཞིག་ཡིན་པ་ནམ་ཡང་སེམས་ནས་བརླག་མི་ཉན། རང་རང་གི་དཔའ་སྤོབས་མ་ཞུམ། ནང་ཁུལ་ལ་མཐུན་སྒྲིལ་བྱོས། ལྷག་པར་དུ་རང་གི་སྐད་ཡིག་དང་ཆོས་ལུགས་ལ་སློབ་སྦྱོང་བྱོས། ང་ཚོ་ཚང་མ་རྨོངས་གཉིད་ལས་སད་དགོས། མནར་གཅོད་ལས་གྲོལ་དགོས། སྐད་ཆ་འདི་དག་ནི་ང་དེ་རིང་གསོན་པོ་ཡིན་པའི་དཔང་རྟགས་དང་ཡུན་རིང་སེམས་ལ་བཟུང་བའི་སྙིང་གཏམ་ཡིན་པས་ཚང་མས་ཐུགས་ལ་འཛིན་པར་ཞུ། མཐར་བཀྲ་ཤིས་བདེ་ལེགས། བོད་རྒྱལ་ལོ་ཞེས་བཤད་ཡོད་པ་སོགས་ཀྱི་སྐོར། ཡུ་རོབ་རྒྱལ་ཁབ་སུད་སི་ནས་འདི་གའི་གསར་འགོད་པ་ནག་མགོ་འཇིགས་མེད་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG