ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས་པའི་གླེང་སློང་།


s
s

༄༅།། ད་ལྟ་སྲིད་འཛིན་ཊམ་འཕོ་འགྱུར་འགྲོ་རྒྱུ་དེར་ཉི་མ་༡༣་ལས་མེད་ཀྱང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་དང་ཨི་ལི་ནོ་ཡེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ཌམ་ཀིང་ཛིང་གྷར། ཨ་རི་ཛོ་ན་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་སི་ཊན་ཊོམ། གཞན་ཡང་སྤྱི་མཐུན་ཚོགས་པའི་མཐོ་རིམ་ལས་སྣེ་མང་དག་ཅིག་གིས་སྲིད་འཛིན་གཞོན་པ་མེཀ་ཕེན་སི་དང་བློན་ཆེན་རྣམ་པས་རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་ཊམ་ཕོ་བྲང་དཀར་པོའི་ལས་གནས་ནས་དབྱུང་གཏོང་དགོས། སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་སྲིད་འཛིན་གྱི་ལས་ཁུར་བཞེས་ནས་ཌོ་ནལ་ཊམ་གྱིས་མུ་མཐུད་དུ་ཟིང་འཁྲུག་སློང་སྲིད་པ་འགོག་ཐབས་བྱ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་དེར་ཨ་མི་རི་ཀའི་སྲིད་འཛིན་ལས་ཐོག་གང་ཞིག་འདས་གྲོངས་སུ་གྱུར་པ་དང་ནད་མནར་བྱུང་བ། སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་པ་དང་ལས་འགན་ཚུལ་བཞིན་བསྒྲུབ་མ་ཐུབ་ཚེ། སྲིད་འཛིན་གཞོན་པ་སྲིད་འཛིན་ལ་འགྱུར་དགོས་ཞེས་བཀོད། སྲིད་འཛིན་ཊམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་ཉམས་ཞིབ་པ་མང་དག་ཅིག་གིས་ཌོ་ནལ་ཊམ་སྨྱོན་པ་ལྟ་བུ་ཞིག་རེད། ཁོང་གིས་རིག་འཚོ་མ་ཟིན་པའི་སྤྱོད་པ་ཞིག་བཟུང་ནས་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་གཏོང་གི་འདུག སྲིད་འཛིན་གཞོན་པ་དང་བློན་ཆེན་ཚོས་ཌོ་ནལ་ཊམ་འཕོ་འགྱུར་གཏོང་དགོས་ཞེས་གླེང་སློང་བྱུང་ཞིང་། ཁ་སང་ཕྱི་ཟླ་དང་པོའི་ཚེས་༦་ཉིན་སྲིད་འཛིན་ཊམ་གྱི་རང་གི་རྒྱབ་སྐྱོར་བ་ཚོར་སྐུལ་ལྕག་བཏང་ནས་ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་བྱེད་དུ་བཅུག་ནས་བཟུང་། ཨ་རིའི་གྲོས་ཚོགས་འཐུས་མི་ཚོ་དང་སྲིད་གཞུང་གི་ལས་སྣེ་ཁག སྤྱི་མཐུན་ཚོགས་པའི་གཞུང་འབྲེལ་མི་སྣ་ཟུར་པ་སོགས་ཀྱིས་རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་འདུག

ཨ་རི་ཛོ་ན་མངའ་སྡེའི་གྲོས་ཚོགས་འཐུས་མི་སི་ཊན་ཊོན་གྱིས་གཟའ་ལྷག་པའི་དགོང་མོར་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་ཌོ་ནལ་ཊམ་གནས་དབྱུང་གཏོང་དགོས། ངས་བསམ་བློ་མ་བཏང་བར་སྐད་ཆ་འདི་དག་བཤད་པ་ཞིག་མིན། སྲིད་འཛིན་ཊམ་གྱི་དོན་དངོས་ལ་བསྙོན་འཛུགས་བྱས་ནས་དྲག་ཟིང་སློང་གི་ཡོད་པ་ནི་ཆག་སྒོ་ཆེན་པོ་ཞིག་རེད། ང་བློ་ཕམ་དང་ཐབས་རྡུགས་ཀྱི་གནས་སུ་ལྷུང་ནས་སེམས་ཐག་འདི་འདྲ་ཞིག་བཅད་པ་ཡིན། སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མང་དག་ཅིག་དགོངས་པ་འཚོམས་ནས་སྲིད་འཛིན་ཊམ་གནས་དབྱུང་གཏོང་བའམ། ཡང་ན་སྲིད་འཛིན་ཊམ་ལ་དངོས་སུ་ཉེས་འཛུགས་བྱ་དགོས་པའི་གླེང་སློང་བྱེད་ཀྱི་འདུག་ཅེས་བཤད། གྲོས་ཚོགས་འཐུས་མི་སི་ཊན་ཊོམ་གྱིས་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ལ་སྙན་ཞུ་ཕུལ་ནས་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་དགོས། སྲིད་འཛིན་ཊམ་འཕྲལ་དུ་ལས་གནས་ནས་གནས་དབྱུང་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག འདི་དང་དུས་མཚུངས་སུ་ཨ་མི་རི་ཀའི་ཨི་ལི་ནོ་ཡེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འོག་མའི་འཐུས་མི་ཨེ་ཌམ་ཀིང་ཛིང་གྷར་གྱིས་ཀྱང་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་དགོས། སྲིད་འཛིན་གཞོན་པ་མེཀ་ཕེན་དང་བློན་ཆེན་ཚོས་སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག ཨ་མི་རི་ཀའི་བཟོ་སྐྲུན་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཀྱང་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༢༥་པ་ལག་ལེན་བསྟར་ནས་སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས་ཞེས་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་དྲྭ་ལམ་དུ་བཀྲམ་འདུག

སྲིད་འཛིན་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱེད་དུ་བཅུག་པར་ངོ་རྒོལ་བྱས་ནས་ཨ་རིའི་སྐྱེལ་འདྲེན་ལྷ་ཁང་གི་དྲུང་ཆེ་ཨེ་ལཱེན་ཆའོ་རང་གི་ལས་གནས་ནས་དགོངས་པ་ཞུས། ཨེ་ལན་ཆའོ་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱུང་བའི་གནས་ཚུལ་ཐོག་ཏུ་སྲིད་འཛིན་ཊམ་ལ་ངོ་རྒོལ་བྱས་ནས་དྲུང་ཆེའི་ལས་གནས་ནས་དགོངས་པ་ཞུ་མཁན་དང་པོ་དེར་གྱུར། ཁོ་མོ་གྲོས་ཆུང་དུས་སུ་ཐེ་ཝན་ནས་ཨ་མི་རི་ཀར་གཏནས་སྡོད་གཞིས་སུ་སླེབས་པ་དང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མཱི་ཆི་མེ་ཁ་ནོའི་ཆུང་མ་ཡིན་འདུག ཕོ་བྲང་དཀར་པོའི་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་ཨར་ལན་ཌིའི་དམིགས་བསལ་སྐུ་ཚབ་མལ་ཝྭེ་ཎིས་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའི་ལ་ཕར་བཏང་ནས་ཨ་རིའི་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་ནས་དགོངས་པ་ཞུས། སྲིད་འཛིན་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་ཕཱོ་ཊིང་གྷར། སྲིད་འཛིན་གྱི་ལྕམ་མེ་ལ་ཎི་ཡའི་ལས་བྱེད་པའི་སྤྱི་ཁྱབ་འགན་འཛིན་གྷེ་རི་ཤམ། ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་གཞོན་པ་མེ་ཐེའུ་སི། ཕོ་བྲང་དཀར་པོའི་སྤྱི་ཚོགས་དྲུང་ཆེ་ནེ་སི་ཏ་སོགས་ལས་བྱེད་པ་ལྔ་དྲུག་ཅིག་གིས་སྲིད་འཛིན་ཊམ་ལ་ངོ་རྒོལ་བྱས་ནས་ལས་གནས་ནས་དགོངས་པ་ཞུས། ཊོས་ཊར་དྲྭ་ལམ་བཟོ་ཚོང་ཁང་གིས་ཆུ་ཚོད་༡༢་ཀྱི་རིང་དུ་སྲིད་འཛིན་ཊམ་གྱི་ཁྲ་ཐོ་སྒོ་བརྒྱབ་ནས་འཕྲིན་ཐུང་སྤེལ་དུ་བཅུག་མེད་ཅིང་། ངོ་དེབ་བཟོ་ཚོང་ཁང་གིས་དུས་ཚོད་ངེས་མེད་ཀྱི་བར་དུ་སྲིད་འཛིན་ཊམ་ལ་ངོ་དེབ་ནང་དུ་ཟིང་འཁྲུག་སློང་བའི་སྐུལ་སློང་དང་ཁྱབ་བསྒྲགས་སྤེལ་དུ་འཇུག་རྒྱུ་མིན་ཞེས་ཐག་བཅད་འདུག

ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་པར་བདེ་འཇགས་མི་སྣ་ཚོས་མེ་མདའ་བརྒྱབ་ནས་ལོ་ན་༣༤་ལ་སོན་པའི་བུད་མེད་ཅིག་བསད་པ་ཚུད་པའི་མི་༤་ལ་སྲོག་སྐྱོན་ཕོག མི་མང་ཕོན་ཆེན་ཞིག་ལ་རྨས་སྐྱོན་ཕོག་པ་དང་ད་ལྟའི་བར་དུ་ཝ་ཤིང་ཊོན་གྲོང་ཁྱེར་གཞུང་གིས་མི་༦༨་འཛིན་བཟུང་བྱས་འདུག ད་དུང་འཛིན་བཟུང་བྱ་དགོས་པའི་མི་ཁག་ཅིག་གིས་འདྲ་པར་རྣམས་བརྙན་འཕྲིན་ནང་དུ་བསྟན་ནས་དོགས་ཅན་དེ་རྣམས་གང་དུ་ཡོད་མེད་དང་ངོ་ཤེས་ན་གནས་ཚུལ་མཁོ་སྤྲོད་བྱ་དགོས་ཞེས་བསྒྲགས། གྲོས་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་པ་དང་ཉེན་རྟོག་པ་ཚོས་དུག་རླངས་བཏང་ནས་གྲོས་ཚོགས་ཁང་ལ་དཔུལ་འཛུལ་བྱེད་མཁན་རྣམས་མཐར་སྐྲོད་གཏོང་དགོས་བྱུང་ཞིང་། ཝ་ཤིང་ཊོན་གྱི་དམངས་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཁང་དང་སྤྱི་མཐུན་ཚོགས་པའི་དབུས་སྤྱི་ཁྱབ་ཁང་གི་ལས་ཁུངས་གཉིས་ཀྱི་ཕྱི་ལོགས་སུ་ལྕགས་སྦུག་འབར་མདེལ་བཞག རླངས་འཁོར་ཞིག་གི་ནང་དུ་མེ་མདའ་རིང་པོ་ཞིག་དང་ཤེལ་དམ་ནང་དུ་རླངས་སྣུམ་བླུགས་པའི་འབར་མདེལ་འགའ་ཞིག་ཡོད་པ་རྙེད་སོན་བྱུང་། ཝ་ཤིང་ཊོན་གྲོང་ཁྱེར་སྤྱི་ཁྱབ་ཀྱིས་སྲིད་འཛིན་ཊམ་གྱིས་གསར་འགོད་གསལ་བསྒྲགས་སྤེལ་ནས་སྲིད་འཛིན་ཊམ་གྱི་ཉེན་རྟོག་པ་དང་ཡུལ་སྲུང་དམག་དཔུང་གཏོང་རྒྱུ་ནར་འགྱངས་བཏང་སྟེ་གྲོས་ཚོགས་ཁང་དུ་ཟིང་འཁྲུག་སློང་བའི་གོ་སྐབས་བྱུང་བ་རེད། ད་ནས་རྒྱལ་ས་ཝ་ཤིང་ཊོན་གྱི་ཡུལ་སྲུང་དམག་སྐུལ་གྱི་དབང་ཚད་གྲོང་ཁྱེར་སྤྱི་ཁྱབ་ལ་སྤྲོད་ཞེས་བསྒྲགས།

ཕྱི་ཟླ་དང་པོའི་ཚེས་༧་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་སྟེ། ཨ་རིའི་གྲོས་ཚོགས་སུ་དྲག་ཟིང་སློང་ཁག་ཅིག་ལ་ནག་ཉེས་བཙུགས་ནས་འཛིན་བཟུང་བྱ་རྒྱུའི་ཐག་བཅད་ཡོད་པར་མ་ཟད། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་ཀྱང་གྲོས་ཚོགས་ཁང་ལ་དཔུང་རྒོལ་བྱེད་མཁན་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་གཙོ་གྲས་ཁག་ཅིག་རྩད་གཅོད་བྱ་རྒྱུ་འགོ་ཚུགས། ཁོ་ཚོའི་འདྲ་པར་བཀྲམ་ནས་མི་མང་ལ་མི་དེ་ཚོ་ངོ་ཐག་གཅོད་དགོས་པ་དང་ས་གནས་གང་ནས་ཡིན་མིན། ཁོ་ཚོ་རྒྱལ་ས་ཝ་ཤིང་ཊོན་དུ་བསྡད་ཡོད་པའམ། ཡང་ན་རང་གནས་སུ་ཕྱིར་ལོག་བྱས་ཡོད་མེད་བཅས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མཁན་ཡོད་ན་དབུས་ཞིབ་གཅོད་ལས་ཁུངས་ལ་བརྡ་ལན་སྤྲོད་དགོས་ཞེས་དྲྭ་ཚིགས་ཤིག་སྒོ་ཕྱེ། དྲྭ་ཚིགས་དེའི་མདུན་ཤོག་ལ་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱེད་མཁན་རྣམས་རྩད་གཅོད་བྱེད་ཀྱི་ཡོད། མི་སུ་ཞིག་ལ་གྲོས་ཚོགས་ཁང་དུ་གཏོར་བཅོམ་བྱེད་མཁན་རྣམས་ཀྱི་འདྲ་པར་དང་བརྙན་ཐུང་ཡོད་ན་དབུས་ཞིབ་གཅོད་ལས་ཁུངས་སུ་མཁོ་སྤྲོད་བྱ་དགོས། དྲག་ཟིང་སློང་མཁན་ཚོའི་མིང་དང་ས་གནས་ཀྱི་ཁ་བྱང་སོགས་ཤེས་རྟོགས་བྱུང་ན་གཤམ་གྱི་འགེངས་ཤོག་ནང་དུ་འགོད་དགོས། ཨ་རིའི་རྩ་ཁྲིམས་སུ་མི་དམངས་ལ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་བརྩི་བཀུར་ཞུ་བཞིན་ཡོད། གྲོས་ཚོགས་ཁང་ལ་གཏོར་བཅོམ་དང་ཨ་མི་རི་ཀའི་དམངས་གཙོའི་སྒྲིག་འཛུགས་གལ་ཆེན་ཞིག་ལ་དཔུང་འཛུལ་བྱས་པར་ནམ་ཡང་བཟོད་སྒོམ་བྱེད་ཐུབ་ཐབས་མེད་པས་ཉེས་ཅན་པ་རྣམས་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་བཀོད། བདུན་ཕྲག་འདིའི་གཟའ་སྤེན་པའི་ཉིན་སླར་ཡང་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་རྒྱལ་ས་ཝ་ཤིང་ཊོན་དུ་ངོ་རྒོལ་བྱ་རྒྱུའི་གླེང་སློང་ཞིག་འབྱུང་གི་ཡོད་པ་རེད།།

XS
SM
MD
LG