ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་ཀྱིས་འོས་བསྡུའི་གྲུབ་འབྲས་ངེས་གཏན།


༄༅།། མདང་དགོང་ཆུ་ཚོད་༨་ནས་སླར་ཡང་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་ལྷན་འཛོམ་གནང་སྟེ་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་སྦྱངས་བཤད་བྱས་ནས་ཇཱོ་བྷ་ཌན་ལ་མཐའ་མཇུག་གི་ངེས་གཏན་བྱུང་། ཨ་མི་རི་ཀའི་དམངས་གཙོའི་ལམ་ལུགས་ཀྱི་ལས་དོན་རྒྱུན་འཁྱོངས་ཐུབ། གཟའ་ལྷག་པའི་ཉིན་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་པར་ཁ་རྡུང་དྲག་པོ་བཏང་སྟེ་སྲིད་དོན་ཚོགས་པ་གཉིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པའི་རྣམ་འགྱུར་བསྟན། ཕྱི་ཟླ་དང་པའི་ཚེས་༦་ཉིན་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་རྣམས་གྲོས་ཚོགས་ཁང་དུ་དཔུང་འཛུལ་བྱས་པ་ནི་ཨ་རིའི་ལོ་རྒྱུས་སུ་ཆེས་ཐབས་རྡུགས་ཀྱི་ལེའུ་ཞིག་ཏུ་གྱུར། ༡༨༡༢་ལོར་དབྱིན་ཇིའི་དམག་དཔུང་གིས་ཨ་རིའི་གྲོས་ཚོགས་ལ་དཔུང་འཇུག་བྱས་ཏེ་གཏོར་རྒོལ་བྱས་ནས་བཟུང་། ༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་བར་དུ་ཨ་རིའི་གྲོས་ཚོགས་ལ་དཔུང་འཛུལ་དང་གཏོར་བཅོམ་ཕོག་མྱོང་མེད་ཅིང་། ཁ་སང་གི་དྲག་ཟིང་དེར་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་དང་གྱེན་ལོག གྲོས་ཚོགས་ཀྱི་དབང་ཆ་འཕྲོག་ཐབས་དང་གྲོས་ཚོགས་ཁང་ལ་གཏོར་རྒོལ། ཨ་རིའི་དམངས་གཙོའི་ཁང་བཟང་ལ་དཔུང་འཇུག་དང་དཔུང་འཛུལ། གཏོར་བཅོམ་དང་ཟིང་འཁྲུག་བཅས་ཐ་སྙད་ཚབས་ཆེན་སྣ་ཚོགས་ཤིག་གིས་འགྲེལ་བཤད་བརྒྱབ་འདུག

སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཁང་གི་སྒོ་དང་སྒེའུ་ཁུང་བཅག གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སིའི་ལས་ཁུངས་སུ་དཔུང་འཛུལ་བྱས་ནས་ཤེལ་བུམ་བཅག་པ་དང་ཅོག་ཙེའི་ཐོག་ཏུ་རྐང་པ་བཞག་ནས་འདྲ་པར་བརྒྱབ། ང་ཚོ་བསྐྱར་དུ་ཡོང་གི་ཡིན་ཞེས་འཇིགས་སྐུལ་ཡི་གེ་བྲིས་ནས་ཅོག་ཙེའི་ཐོག་ཏུ་བཞག གྲོས་ཚོགས་ཁང་དུ་ཨ་རིའི་ནང་འཁྲུག་སྐབས་ཀྱི་ལྷོ་ཕྱོགས་གྱེན་ལོག་པའི་དར་ཆ་འཕྱར། གྲོས་ཚོགས་ཀྱི་བདེ་འཇགས་མི་སྣ་ཚོས་མེ་མདའ་བཏོན་ནས་ཚོགས་ཁང་གི་འཛུལ་སྒོའི་གཡས་གཡོན་གཉིས་སུ་ལངས་ཏེ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་དཔུང་ཚོགས་དེ་བཀག ཚོགས་ཁང་ཕྱི་ལོགས་ཀྱི་བར་ཤུར་དེར་བུད་མེད་ཅིག་ལ་མེ་མདའ་ཕོག་སྟེ་མི་གསོད་འཁྲུག་སྦྱོར་བྱུང་། སྲིད་འཛིན་གཞོན་པ་མེཀ་ཕེན་སི་འཕྲལ་དུ་སྐུ་སྲུང་བ་ཚོས་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་གདན་འདྲེན་ཞུས། གྲོས་ཚོགས་འཐུས་བྱིངས་རྣམས་ཅུང་ཙམ་རིང་ལ་རྐུབ་བཀྱག་དང་ཅོག་ཙེའི་འོག་ཏུ་བཀབ་སྟེ་སྲོག་མགོ་ཐོན་ཐབས་སུ་འབད། དེ་ནས་གྲོས་ཚོགས་ཀྱི་བདེ་འཇགས་མི་སྣ་ཚོས་འཐུས་མི་གཞན་རྣམས་ཀྱང་བདེ་འཇགས་ཀྱི་ས་གནས་ཞིག་ཏུ་ཁྲིད། སྲིད་འཛིན་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྙིང་སྟོབས་མ་ཞུམ། ང་ཚོའི་རྒྱལ་ཁབ་འདི་སྙིང་སྟོབས་བསྐྱེད་ནས་ཕྱིར་ལེན་བྱ་དགོས་ཞེས་དཔུང་ཚོགས་དེར་གཏམ་བཤད་བྱས་ནས་གྲོས་ཚོགས་ཁང་དུ་འགྲོ་དགོས་ཞེས་བསྐུལ། ཨ་རིའི་གྲོས་ཚོགས་ལ་གཏོར་བཅོམ་ཕོག་པ་དང་མི་ལ་འཆི་རྨས་ཀྱི་གནས་ཚུལ་ཚབས་ཆེན་བྱུང་བའི་རྗེས་སུ་དཔུང་ཚོགས་དེར་རང་གནས་སུ་ཕྱིར་ལོག་བྱོས། ང་ཚོར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཀྱང་གྲུབ་འབྲས་རྣམས་རྐུ་འཕྲོག་བྱས་པ་རེད། ཁྱེད་ཚོར་ཁག་མེད་པ་དང་ང་ཁྱོད་ཚོར་དགའ་མོས་ཡོད་ཡོད་ཅེས་སླར་ཡང་ཟིང་འཁྲུག་སློང་བའི་རྒྱུ་རུ་འགྱུར་བའི་བརྙན་འཕྲིན་ཞིག་བཀྲམ། ཨ་རིའི་གྲོས་ཚོགས་ཀྱིས་བྷ་ཌན་ངེས་གཏན་བྱས་པའི་རྗེས་སུ་ཌོ་ནལ་ཊམ་གྱིས་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བསྒྲགས།།

ཐོག་མར་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༡༤༠་ལྷག་དང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༡༣་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དྲང་སྙོམས་ཤིག་བྱུང་མེད་པའི་དོགས་སློང་འབྱུང་གི་ཡོད་པར་ཞིབ་འཇུག་བྱ་དགོས། ཉི་མ་བཅུའི་རིང་ལ་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན། ཨ་རི་ཛོ་ན་དང་ནེ་ཝྭ་དྷ་བཅས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཡུལ་མངའ་སྡེ་༦་གི་སྲིད་འཛིན་འོས་བསྡུ་དྲང་སྙོམས་མ་བྱུང་བའི་གླེང་སློང་འབྱུང་གི་ཡོད་པར་ཞིབ་འཇུག་བྱ་དགོས་ཞེས་དགོས་འདུན་བཏོན། གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱུང་བའི་རྗེས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་གིས་དགག་བྱ་ཕྱིར་འཐེན་བྱས། ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་ཡོད་པར་མ་ཟད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཁག་ཅིག་གིས་ཀྱང་སྲིད་འཛིན་ཊམ་གྱི་ཁུངས་མེད་སྐྱོན་འཛུགས་ལ་བརྒྱབ་སྐྱོར་མེད་པ། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་ཀྱང་སྲིད་འཛིན་ཊམ་གྱི་བསྙོན་འཛུགས་ལ་རྒྱབ་སྐྱོར་བྱེད་ན་དགེ་མཚན་མེད་པའི་དགག་པ་བརྒྱབ། མཐར་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་འོས་ཤོག་འཕངས་ནས་མངའ་སྡེ་༥༠་ཐམ་པའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་འཕངས་པ་དྲང་བདེན་ཡིན་པའི་ངེས་གཏན་བྱུང་། ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་༤༦་པར་འདེམས་ཐོན་བྱུང་བར་མཐའ་མཇུག་གི་ངོས་ལེན་ཐོབ།།

༢༠༢༠་ལོའི་སྲིད་འཛིན་འོས་འདེམས་འགོ་མ་ཚུགས་པའི་ཟླ་བ་མང་པོའི་སྔོན་ནས་ཌོ་ནལ་ཊམ་གྱིས་ཁོ་པར་སྲིད་འཛིན་འོས་འདེམས་ཀྱི་ཕམ་ཉེས་འབྱུང་མི་སྲིད། གལ་སྲིད་ཁོ་པ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་མ་བྱུང་ན་དམངས་གཙོ་ཚོགས་པས་གཡོ་ཁྲམ་བྱས་ནས་ཕམ་ཉེས་འབྱུང་རྒྱུ་རེད་ཅེས་རྣམ་རྟོག་གི་ས་བོན་བཏབ། ཕྱི་ཟླ་༡༡་པའི་ཚེས་༣་ཉིན་གྱི་སྲིད་འཛིན་འོས་འདེམས་རྗེས་སུ་ཌོ་ནལ་ཊམ་གྱིས་ཇཱོ་བྷ་ཌན་ལ་རྒྱལ་ཁ་ཐོབ་ཡུལ་མངའ་སྡེ་དྲུག་གི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་། སྲིད་འཛིན་འོས་འདེམས་འདིར་དམངས་གཙོ་ཚོགས་པས་གཡོ་ཁྲམ་བྱས་སོང་ཞེས་རྫོང་རིམ་པ་ནས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་ལ་གཏུགས། སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཁ་མཆུ་ཐེངས་༦༠་བཙུགས། ཁོ་ཚོར་སྲིད་འཛིན་འོས་འདེམས་དྲང་སྙོམས་མ་བྱུང་བའམ། སྲིད་འཛིན་འོས་འདེམས་ལ་གཡོ་ཁྲམ་བྱུང་བའི་ཁུངས་སྐྱེལ་ར་སྤྲོད་དང་དཔང་རྟགས་ཐོན་རྒྱུ་མེད་པར་ཁ་མཆུ་༥༨་ཤོར། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོར་ཁ་མཆུ་གཉིས་ཐོབ་པ་ནི་འོས་ཤོག་གྲངས་བཤེར་བྱ་ཡུལ་དུ་རྟོག་ཞིབ་པ་ཡོང་དུ་ཡོང་དགོས་ཟེར་པ་དང་མངའ་སྡེ་ཁག་ཅིག་གི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་དགོས་ཟེར་བ་གཉིས་ཡིན་འདུག སྲིད་འཛིན་ཊམ་གྱི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་དང་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་ཁྲིམས་འཛིན་པ་བྷིལ་བྷར་གཉིས་ཀྱིས་སྲིད་འཛིན་འོས་བསྡུར་གཡོ་ཁྲམ་བྱུང་ཡོད་པའི་དཔང་རྟགས་དང་ཁུངས་སྐྱེལ་ར་སྤྲོད་མི་འདུག ༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཕྱི་ནང་གཉིས་ཀྱི་ཐེ་ཇུས་གང་ཡང་མ་བྱུང་བར་བརྟན་པོ་ཞིག་བྱུང་སོང་ཞེས་བསྒྲགས། དེ་ནས་སྲིད་འཛིན་ཊོམ་གྱིས་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་གནས་དབྱུང་བཏང་། སྤྱི་ཁྱིབ་ཁྲིམས་འཛིན་པ་བྷིལ་བྷར་བཙན་གྱིས་ལས་གནས་ནས་དགོངས་པ་ཞུ་རུ་བཅུག

སྲིད་འཛིན་ཊམ་གྱིས་ཨ་རིའི་འོས་འདེམས་ལམ་ལུགས་ལ་གཏོར་བརླག་དང་མངའ་སྡེ་ཁག་གི་སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོར་ཁ་རྡུང་། འཇོར་ཇཱི་ཡ་མངའ་སྡེའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་ཞེས་རྣམ་རྟོག་བསླངས་ནས་མངའ་སྡེ་དེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་ས་མིག་དེ་དག་དམངས་གཙོ་ཚོགས་པར་ཐོབ། འཇོར་ཇཱི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཌེ་ཝྭི་ཌི་པུར་དྷུ་དང་ཁེ་ལི་ལོ་ཧྥོ་ལར་གཉིས་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་། སྲིད་འཛིན་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་གྲོས་ཚོགས་ཁང་དུ་གཏོར་རྒོལ་བྱེད་དུ་བཅུག་པར་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་འགའ་ཞིག་གིས་ངོ་རྒོལ་བྱས་ནས་རང་རང་གི་ལས་གནས་རྩ་དགོངས་ཞུ་རྒྱུའི་ཐག་བཅད་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་ཌིཀ་ཆེ་ཎི་སོགས་སྤྱི་མཐུན་ཚོགས་པའི་མཐོ་རིམ་མི་སྣ་མང་དག་ཅིག་གིས་ཌོ་ནལ་ཊམ་གྱིས་ལོ་བཞིའི་ནང་དུ་སྤྱི་མཐུན་ཚོགས་པ་གཏོར་བཤིག་བཏང་སོང་། འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོས་གོང་མའི་འཐུས་མི་གཉིས་ཀྱི་ས་མིག་དེ་དག་དམངས་གཙོ་ཚོགས་པར་འཐོབ་ཏུ་བཅུག་སོང་། མཐའ་དོན་ཌོ་ནལ་ཊམ་གྱིས་ཕོ་བྲང་དཀར་པོ་དང་གྲོས་ཚོགས་གོང་འོག་གཉིས་བཅས་དམངས་གཙོ་ཚོགས་པའི་ལག་ཏུ་གཏད་སོང་ཞེས་ཐུན་མོང་གི་སྤྱི་བསྒྲགས་ཤིག་ལ་མིང་རྟགས་བཀོད་ནས་སྐྱོན་བརྗོད་དྲག་པོ་བྱས་འདུག

XS
SM
MD
LG