ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་པ་ཚོ་གྲོས་ཚོགས་ཁང་ལ་དཔུང་འཇུག


༄༅།། ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་ལ་མཐའ་མའི་གྲངས་བཤེར་གྱི་མཛད་སྒོ་ཚོགས། སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་ཨ་རིའི་གྲོས་ཚོགས་ཁང་གི་སྒོ་དང་སྒེའུ་ཁུང་བཅག་ནས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་དཔུང་འཇུག་བྱས་ཤིང་། སྲིད་འཛིན་གཞོན་པ་མེཀ་ཕེན་སི་འཕྲད་དུ་སྐུ་སྲུང་བའི་སྲུང་སྐྱོབ་འོག་ཏུ་གྲོས་ཚོགས་ཁང་ནས་བདེ་འཇགས་ཀྱི་ས་གནས་ཤིག་ཏུ་གདན་འདྲེན་ཞུས། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོ་ཅོག་ཙེ་དང་རྐུབ་བཀྱག་འོག་ཏུ་བཀག་ནས་སྲོག་མགོ་ཐོན་ཐབས་སུ་འབད། བུད་མེད་ཅིག་ལ་ཨ་རིའི་གྲོས་ཚོགས་ཁང་དུ་མེ་མདའ་ཕོག་སྟེ་རྨས་སྐྱོན་བྱུང་བའི་གནས་ཚུལ་ཐོན། ཨ་རིའི་གྲོས་ཚོགས་ཀྱི་བདེ་འཇགས་མི་སྣ་ཚོས་མེ་མདའ་བཏོན་ཏེ་གྲོས་ཚོགས་ཀྱི་ཚོགས་ཁང་སྒོ་འགྲམ་གྱི་གཡས་གཡོན་གཉིས་སུ་ལངས་ནས་དཔུང་ཚོགས་དེ་་ཉིད་ཚོགས་ཁང་ནང་དུ་འཛུལ་མ་བཅུག་པར་བཀག སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་སྙིང་སྟོབས་མ་ཞུམ། ང་ཚོའི་རྒྱལ་ཁབ་འདི་སྙིང་སྟོབས་བསྐྱེད་ནས་ཕྱིར་ལེན་བྱ་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་སྐུལ་ལྕག་བཏང་ཞིང་། མཐར་དྲག་ཟིང་ཆེན་པོ་ཞིག་ལང་རྒྱུའི་སྔ་ལྟས་ཐོན་པའི་རྗེས་སུ་སྲིད་འཛིན་ཊམ་གྱིས་དྲག་ཟིང་མ་སློང་ཞེས་འཕྲིན་ཐུང་ཞིག་སྤེལ། ཝ་ཤིང་ཊོན་གྲོང་ཁྱེར་གཞུང་གིས་ཡུལ་སྲུང་དམག་དཔུང་བཏང་ནས་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བའི་ཟིང་འཁྲུག་ལ་ཞོད་འཇགས་གཏོང་དགོས་ཐུག་འདུག

ཐོག་མར་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམ་ཐོག་ཏུ་འོས་བསྡུའི་གྲུབ་འབྲས་ལ་མཐའ་མའི་གྲངས་བཤེར་གྱི་མཛད་སྒོ་ཚོགས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་༡༤༠་ལྷག་དང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༡༣་གྱིས་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མེད་པའི་དོགས་སློང་ལ་ཞིབ་འཇུག་བྱ་དགོས། ཨ་མི་རི་ཀའི་མངའ་སྡེ་༥༠་ཐམ་པའི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་སྲིད་འཛིན་གཙོ་གཞོན་གཉིས་ལ་འོས་ཤོག་འཕངས་པའི་འོས་ཤོག་གྲངས་བཤེར་བྱ་རྒྱུ་དེར་དགག་པ་བརྒྱབ། ཨ་རིའི་གྲོས་ཚོགས་གོང་འོག་གི་གཙོ་འཛིན་ཏེ། སྲིད་འཛིན་གཞོན་པ་མེཀ་ཕེན་སི་ལ་འོས་འདེམས་དྲང་སྙོམས་མ་བྱུང་བའི་དོགས་སློང་གི་སྙན་ཞུ་ཕུལ། དེ་ནས་གྲོས་ཚོགས་གོང་འོག་གཉིས་རང་རང་གི་ཚོགས་ཁང་གི་ལོགས་སུ་ཚོགས་ཏེ་འཐུས་མི་རེར་དུས་ཡུན་སྐར་མ་ལྔ་རེའི་གཏམ་བཤད་ཐེངས་གཅིག་བྱེད་པའི་གོ་སྐབས་སྤྲད། ཆུ་ཚོད་གཉིས་ཀྱི་རྗེས་སུ་གྲོས་ཚོགས་ཀྱི་གཙོ་འཛིན་སྲིད་འཛིན་གཞོན་པ་མེཀ་ཕེན་སིས་དགག་བྱ་དང་དོགས་སློང་དེ་རྣམས་གྲོས་ཚོགས་འཐུས་མི་ཚོར་བསྒྲགས་ནས་དགག་བྱ་དེར་གྲོས་ཚོགས་ཀྱིས་ངོས་ལེན་བྱས་ནས་འོས་ཤོག་འཕེན་དགོས་མིན་གྱི་མཛད་རིམ་ཁག་མགོ་བརྩམས། འོན་ཀྱང་སྐབས་དེར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་རྣམས་གྲོས་ཚོགས་ཁང་ལ་དཔུང་འཇུག་བྱས་ནས་གྲོས་ཚོགས་གོང་འོག་གི་དགག་པ་དང་དོགས་སློང་ལ་སྦྱངས་བཤད་བྱེད་པའི་མཛད་རིམ་གཏོང་བརླག་བཏང་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱབ་སྐྱོར་བ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་དེ་ཚོས་ཉི་མ་བཅུའི་རིང་ལ་འཇོར་ཇཱི་ཡ་དང་པེན་སིལ་ཝྭེ་ཎི་ཡ། མཱི་ཆི་གྷན་དང་ཝི་སི་ཀོན་སན། ཨ་རི་ཛོ་ན་དང་ནེ་ཝྭ་དྷ་བཅས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཡུལ་མངའ་སྡེ་དྲུག་གི་སྲིད་འཛིན་འོས་འདེམས་དྲང་སྙོམས་མ་བྱུང་བའི་གླེང་སློང་ཞིབ་འཇུག་བྱ་དགོས་ཞེས་དགོས་འདུན་བཏོན། ཨ་རིའི་གྲོས་ཚོགས་འོག་མར་དམངས་གཙོ་ཚོགས་པར་འཐུས་མི་གྲངས་མང་ཡོད་པར་མ་ཟད། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཚོགས་ཁག་ཅིག་གིས་ཀྱང་སྲིད་འཛིན་ཊམ་གྱི་ཁུངས་མེད་སྐྱོན་འཛུགས་ལ་བརྒྱབ་སྐྱོར་མེད་པ། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་ཚོས་ཀྱང་སྲིད་འཛིན་ཊམ་གྱི་སྐྱོན་འཛུགས་ལ་རྒྱབ་སྐྱོར་མེད་པའི་ལངས་ཕྱོགས་བཟུང་། མཐར་གྲོས་ཚོགས་གོང་འོག་འཐུས་མི་ཚོས་འོས་ཤོག་འཕངས་ནས་མངའ་སྡེ་ཁག་གི་འདེམས་འཐུས་ལྷན་ཚོགས་ཀྱིས་འོས་ཤོག་འཕངས་པར་གྲངས་བཤེར་བྱ་རྒྱུ་འགོག་མི་ཐུབ་ཅིང་། སྲིད་འཛིན་ཊམ་གྱིས་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་འཕྲུ་སློག་གཏོང་དགོས་པའི་སྐུལ་ལྕག་བཏང་བར་ནམ་ཡང་གྲུབ་འབྲས་ཐོན་དཀའ།

ཨ་མི་རི་ཀའི་གསར་འགྱུར་ལས་ཁང་ཁག་གིས་ཕོ་བྲང་དཀར་པོའི་ལས་སྣེ་ཚོར་འདྲི་རྩད་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་གྱི་དགོང་མོར་སྲིད་འཛིན་ཊམ་གྱིས་སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཕོ་བྲང་དཀར་པོར་བོས། ཁོང་ལ་རྒྱལ་ཡོངས་གྲོས་ཚོགས་ཀྱིས་འོས་ཤོག་གྲངས་བཤེར་སྐབས་སུ་འོས་འདེམས་གྱི་གྲུབ་འབྲས་ལ་ངེས་གཏན་བྱ་རྒྱུ་འགོག་དགོས། ཇཱོ་བྷ་ཌན་ལ་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་ཡོད་པར་འཕྲུ་སློག་བཏང་ནས་ཌོ་ནལ་ཊམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་ཞིག་ཏུ་བསྒྱུར་དགོས། མེཀ་ཕན་སིས་སྲིད་འཛིན་ཊམ་གྱི་དགོས་འདུན་ཁག་མ་བསྒྲུབས་ན་མ་འོངས་པར་ཆབ་སྲིད་ཀྱི་མཇུག་འབྲས་ངན་པ་ཞིག་འབྱུང་སྲིད་ཅེས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན། སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་རང་ལ་མངའ་སྡེ་ཁག་གི་འདེམས་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཚོས་འོས་ཤོག་འཕངས་པ་རྣམས་འཕྲུ་སློག་གཏོང་ཆོག་པའི་དབང་ཚད་མེད། སྲིད་འཛིན་གཞོན་པའི་ལས་འགན་ནི་ཨ་རིའི་གྲོས་ཚོགས་སུ་མངའ་སྡེ་ཁག་གི་འོས་འདེམས་ཀྱི་གྲུབ་འབྲས་གྲངས་བཤེར་དང་ངེས་གཏན་བྱ་དགོས་པ་ཁོ་ན་ཡིན་ཞེས་སྲིད་འཛིན་ཊམ་གྱི་གནོན་ཤུགས་ལ་མགོ་མ་སྒུར། དགོང་མོའི་ཆུ་ཚོད་༨་པ་ཡས་མས་སུ་མེཀ་ཕེན་སི་ཕོ་བྲང་དཀར་པོ་ནས་རང་གནས་སུ་ལོག་སྟེ་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་འོས་འདེམས་གྲུབ་འབྲས་ལའང་བལྟས་མེད་སྐད། གཟའ་ལྷག་པའི་ཞོགས་པ་ནས་ཨ་རིའི་སྲིད་དོན་ཉམས་ཞིབ་པ་ཚོས་སྲིད་འཛིན་གཞོན་པ་མེཀ་ཕེན་སིས་གང་ཟག་གཙིགས་སུ་འཛིན་རྒྱུའི་ཚབ་ཏུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཙིགས་སུ་བཟུང་བ་རེད། མེཀ་ཕེན་སི་ལ་ཨ་རིའི་རྩ་ཁྲིམས་ཀྱིས་སྤྲད་པའི་ལས་འགན་དེ་བསྒྲུབས་པ་རེད་ཅེས་བསྔགས་བརྗོད་ཀྱི་རྩོམ་ཡིག་མང་དག་ཅིག་ཐོན་འདུག

XS
SM
MD
LG