ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

འཇོར་ཇཱི་ཡའི་གྲོས་ཚོགས་འཐུས་མི་གཉིས་ཀྱི་འོས་འདེམས། 


དམངས་གཙོ་ཚོགས་པའི་འོས་མི་ཆོས་དཔོན་ཝར་ནོཀ
དམངས་གཙོ་ཚོགས་པའི་འོས་མི་ཆོས་དཔོན་ཝར་ནོཀ

༄༅།། ཕྱི་ཟླ་དང་པོའི་ཚེས་༥་ཉིན་ཨ་རིའི་ལྷོ་ཕྱོགས་མངའ་སྡེ་འཇོར་ཇཱི་ཡའི་ནང་གྲོས་ཚོགས་གོང་མའི་འཐུས་མི་གཉིས་འོས་འདེམས་བྱས་ཏེ་དམངས་གཙོ་ཚོགས་པའི་འོས་མི་ཆོས་དཔོན་ཝར་ནོཀ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་ཁ་གཏད་སྤྱི་མཐུན་ཚོགས་པའི་འོས་མི་ཁེ་ལི་ལེ་ཧྥོ་ལོར་ལ་ཕམ་ཉེས་བྱུང་བའི་གནས་ཚུལ་ཐོན། ད་དུང་དམངས་གཙོ་ཚོགས་པའི་འོས་མི་གཞན་པ་ཇཱོན་ཨོ་སོ་ཧྥོབ་ལའང་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་སྟེ་སྤྱི་མཐུན་ཚོགས་པའི་འོས་མི་ཌེ་ཝྭི་ཌི་པོར་དྷུ་ལ་ཕམ་ཉེས་འབྱུང་རྒྱུའི་རྟགས་མཚན་ཐོན་འདུག གལ་སྲིད་འཇོར་ཇཱི་ཡའི་འོས་ཤོག་ཚང་མ་གྲངས་བཤེར་བྱས་པའི་རྗེས་སུ་དམངས་གཙོ་ཚོགས་པའི་འོས་མི་གཞན་པ་ཇཱོ་ཨོ་སོ་ཧྥོབ་ལ་དངོས་སུ་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་དམངས་གཙོ་ཚོགས་པར་འཐུས་མི་༥༠་ཐམ་པ་དང་སྤྱི་མཐུན་ཚོགས་པར་འཐུས་མི་༥༠་ཐམ་པ་བཅས་ཆ་མཉམ་འབྱུང་རྒྱུ། དེ་ནས་འདེམས་ཐོན་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིའི་འོས་ཤོག་བསྣན་ཏེ་མ་འོངས་པར་དམངས་གཙོ་ཚོགས་པར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འོས་ཤོག་༥༡་དང་སྤྱི་མཐུན་ཚོགས་པར་འོས་ཤོག་༥༠་ཐམ་པ་ལས་མེད་པས་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱི་སྲིད་ཇུས་ཁག་འགོག་རྐྱེན་མེད་པ་དང་བདེ་བླག་ཏུ་འགྲུབ་ཐུབ། ད་དུང་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་ལྷན་ཁང་གི་ཁག་གི་དྲུང་ཆེ་རྣམས་དང་སྲིད་གཞུང་གིས་མཐོ་རིམ་ལས་སྣེ་ཁག ཕྱིའི་རྒྱལ་ཁབ་ཁག་ལ་བསྐོ་རྫོང་བྱ་རྒྱུའི་གཞུང་ཚབ་པ་སོགས་ལ་གྲོས་ཚོགས་གོང་མས་མོས་མཐུན་དང་རྒྱབ་སྐྱོར་འཐོབ་རྒྱུ་སྟབས་བདེ་རུ་ཕྱིན་འདུག

དམངས་གཙོ་ཚོགས་པའི་འོས་མི་གཞན་པ་ཇཱོན་ཨོ་སོ་ཧྥོབ།
དམངས་གཙོ་ཚོགས་པའི་འོས་མི་གཞན་པ་ཇཱོན་ཨོ་སོ་ཧྥོབ།

ད་ལྟ་སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོས་འཇོར་ཇཱི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ལ་འོས་འདེམས་ཀྱི་ཕམ་ཉེས་བྱུང་བ་དེའི་ལན་ཁག་མཐའ་དག་སྲིད་འཛིན་ཌོ་ནལ་ཊམ་ལ་ཡོད། སྲིད་འཛིན་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ལ་རྒྱབ་སྐྱོར་ཡག་པོ་ཞིག་གཏན་ནས་བྱས་མ་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ཅིང་། ཐོག་མར་ཉམས་ཞིབ་པ་མང་དག་ཅིག་གིས་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊམ་ལ་འཇོར་ཇཱི་ཡ་མངའ་སྡེའི་ནང་དུ་ཕམ་ཉེས་བྱུང་བ་དང་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། དམངས་གཙོ་ཚོགས་པའི་འཕྲོད་བསྟེན་ལྟ་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་དམངས་ཀྱི་ཐོབ་ཐང་སྲུང་སྐྱོབ་སོགས་ཀྱི་སྲིད་ཇུས་ཁག་ལ་མོས་མཐུན་མེད་པ་དང་ངོ་རྒོལ་དྲག་པོ་བྱེད་མཁན་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཚོས་ཐེངས་འདིའི་གྲོས་ཚོགས་གོང་མའི་འཐུས་མིའི་འོས་འདེམས་ལ་འོས་ཤོག་འཕེན་རྒྱུ། ཕྱི་ཚེས་༥་ཉིན་སྤྱི་མཐུན་ཚོགས་པའི་འོས་མི་གཉིས་ལ་འོས་ཤོག་འཕངས་ནས་བསྐྱར་དུ་འདེམས་ཐོན་འབྱུང་རྒྱུའི་རེ་ལྟོས་འཆང་། ཉམས་ཞིབ་པ་ཁག་ཅིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཇོར་ཇཱི་ཡ་མངའ་སྡེའི་སྲིད་འཛིན་འོས་འདེམས་དྲང་སྙོམས་ཤིག་བྱུང་མ་སོང་། མི་མང་གིས་འོས་ཤོག་འཕངས་དང་མ་འཕངས་ལ་ཁྱད་པར་མེད་ཅེས་ཁུངས་མེད་ཀྱི་སྐྱོན་འཛུགས་བྱས་ནས་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཚོ་འོས་ཤོག་འཕེན་དུ་ཡོང་རྒྱུ་མིན་པའི་བློ་འཚབ་བྱས་པ་ལྟར་བྱུང་འདུག དམངས་གཙོ་ཚོགས་པའི་ལས་སྣེ་རྣམས་དང་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་འཇོར་ཇཱི་ཡའི་མི་དམངས་ལ་འོས་ཤོག་འཕེན་དུ་འགྲོ་དགོས། ཆོས་དཔོན་ཝར་ནོཀ་དང་ཇཱོ་ཨོ་སོ་ཧྥོབ་གཉིས་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་ན་བྷ་ཌན་གྱི་སྲིད་གཞུང་གསར་པར་ལས་དོན་བསྒྲུབ་རྒྱུ་སྟབས་བདེ་རུ་འགྲོ་ཐུབ་པའི་ཕན་ཐོགས་ཆེན་པོ་ཡོད་ཅེས་མི་དམངས་ལ་འོས་ཤོག་འཕེན་དགོས་པའི་སྐུལ་སློང་བྱས་ཡོད་པ་རེད།།

འཇོར་ཇཱི་ཡ་མངའ་སྡེའི་མི་མང་ས་ཡ་༣་ལྷག་གིས་འོས་འདེམས་ཀྱི་སྔོན་ལ་འོས་ཤོག་འཕངས། ཡིག་ཟམ་བརྒྱུད་ནས་སྔོན་ལ་འོས་ཤོག་འཕེན་མཁན་མང་ཆེ་བ་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་བ་ཡིན་འདུག སྤྱི་མཐུན་ཚོགས་པའི་འོས་མི་གཉིས་དང་སྤྱི་མཐུན་ཚོགས་པའི་ལས་སྣེ་ཚོས་རང་གི་རྒྱབ་སྐྱོར་བ་ཚོར་འོས་འདེམས་ཀྱི་ཉིན་མོར་འོས་ཤོག་འཕེན་དུ་འགྲོ་དགོས་ཞེས་སྐུལ་སློང་ཤུགས་ཆེན་བྱས་ཤིང་། འཇོར་ཇཱི་ཡ་མངའ་སྡེའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་དང་ཐེངས་འདིའི་གྲོགས་ཚོགས་གོང་མའི་འཐུས་མི་འོས་འདེམས་གཉིས་ལ་མི་འདྲ་བའི་ཁྱད་པར་གསར་པ་ཐོན་ཡོད་པ་སྟེ། ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་འདེམས་སྐབས་སུ་འོས་ཤོག་འཕེན་ཆོག་པའི་ལོ་ན་མ་སོན་པའི་ན་གཞོན་ཁྲི་ཚོ་འགའ་ཞིག་ཡོད་ཅིང་། ཐེངས་འདིའི་འཇོར་ཇཱི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་འོས་འདེམས་སྐབས་སུ་ན་གཞོན་དེ་ཚོ་འོས་ཤོག་འཕེན་ཆོག་པའི་ལོ་ཚད་ལོངས། ན་གཞོན་འོས་ཤོག་འཕེན་མཁན་གསར་པ་དེ་དག་གི་མང་ཆེ་བས་དམངས་གཙོ་ཚོགས་པའི་འོས་མི་གཉིས་ལ་འོས་ཤོག་འཕངས། དེས་ན་ད་ཐེངས་ཀྱི་གྲོས་ཚོགས་འཐུས་མི་འོས་འདེམས་སྐབས་སུ་དམངས་གཙོ་ཚོགས་པར་འོས་ཤོག་འཕེན་མཁན་ན་གཞོན་ཁྲི་ཚོ་འགའ་ཞིག་ཇེ་མང་དུ་སོང་། ༡༩༩༢་ལོར་བྷིལ་ཁེ་ལིན་ཊོན་ལ་འཇོར་ཇཱི་ཡ་མངའ་སྡེར་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། ༢༠༢༠་ལོའི་སྲིད་འཛིན་འོས་འདེམས་བར་དུ་ཨ་རིའི་འཇོར་ཇཱི་ཡ་མངའ་སྡེར་དམངས་གཙོ་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཞིག་ཐོབ་མྱོང་མེད་པ་རེད།།

XS
SM
MD
LG