ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཕུ་ཊིན་ལྷོ་ཨ་ཧྥི་རི་ཀའི་ཚོགས་འདུར་བསྐྱོད་ན་འཛིན་བཟུང་བྱ་རྒྱུའི་ཉེན་ཁ། 


༄༅།། ཕུ་ཊིན་ལྷོ་ཨ་ཧྥི་རི་ཀར་འཚོགས་ཀྱི་ཡོད་པའི་རྒྱལ་ཁབ་ལྔ་སྟེ། ཨུ་རུ་སུ་དང་རྒྱ་ནག བྷར་ཛིལ་དང་རྒྱ་གར། ལྷོ་ཨ་ཧྥི་རི་ཀ་བཅས་ཀྱི་མཉམ་འབྲེལ་མཐུན་ཚོགས་དེའི་ཚོགས་འདུར་ཞུགས་ན་འཛིན་བཟུང་བྱེད་སྲིད་པའི་ཉེན་བརྡ་བཏང་འདུག ཕྱི་ཟླ་༥་པའི་ཚེས་༢་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༨་པར་ལྷོ་ཨ་ཧྥི་རི་ཀར་གོང་འཁོད་རྒྱལ་ཁབ་ལྔའི་ཆེས་མཐོའི་འགོ་ཁྲིད་རྣམས་ཀྱི་ལོ་རེའི་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། ལྷོ་ཨ་ཧྥི་རི་ཀའི་མཐོ་རིམ་ལས་སྣེ་ཞིག་གིས་ཕུ་ཊིན་ང་ཚོའི་ས་ཐོག་ཏུ་ཡོང་ན་བཀག་ཉར་མི་བྱེད་ཐབས་མེད་དུ་འགྱུར་རྒྱུ་རེད་ཅེས་ལྷོ་ཨ་ཧྥི་རི་ཀའི་གཟའ་ཉི་མའི་དུས་བབ་ཚགས་པར་གྱི་གསར་འགོད་པར་ནང་མོལ་བྱས་པའི་གནས་ཚུལ་ཐོན། ཉེ་ཆར་ཕྱི་ཟླ་༣་པའི་ནང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་ཕུ་ཊིན་དམག་འཁྲུག་གི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱ་དགོས་ཞེས་བཅད་ཁྲ་བསྒྲགས། རྒྱལ་ཁབ་༡༤༠་ལྷག་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་ངོས་ལེན་ཡོད་ཅེས་ཆིངས་ཡིག་བཞག་ནས་མིང་རྟགས་བཀོད། ལྷོ་ཨ་ཧྥི་རི་ཀ་རྒྱལ་ཁབ་དེ་དག་གི་གྲས་སུ་ཚུད།།

ལྷོ་ཨ་ཧྥི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕུ་ཊིན་དངོས་སུ་རྒྱལ་ཁབ་ལྔའི་ཆེས་མཐོ་འགོ་ཁྲིད་ཚོའི་ཚོགས་འདུར་ཞུགས་ན་བཀག་ཉར་བྱ་རྒྱུ་མ་གཏོགས་གདམ་ཀ་མི་འདུག ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་བཀའ་རྒྱར་བརྩི་བཀུར་མ་ཞུས་ཐབས་མེད་རེད། ཕུ་ཊིན་ཚོགས་འདུ་དེར་ཞུགས་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ཛུམ་དྲྭ་ལམ་བརྒྱུད་ནས་ཞུགས་རྒྱུ་དེ་རེད་ཅེས་ཐབས་ལམ་བསྟན། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ནས་ཕུ་ཊིན་ལྷོ་ཨ་ཧྥི་རི་ཀའི་ཚོགས་འདུ་དེར་ཞུགས་རྒྱུ་ཡིན་མིན་ངེས་གཏན་བྱས་མེད་ཀྱང་ཕུ་ཊིན་ཚོགས་འདུ་དེར་ཞུགས་ནས་རྒྱལ་ཁབ་ལྔའི་ཆེས་མཐོའི་འགོ་ཁྲིད་ཚོར་ཐུག་འཕྲད་བྱ་རྒྱུའི་ཚོད་དཔག་བྱེད་ཡོད་པའི་གནས་ཚུལ་ཐོན། དེས་ན་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་རང་གཞན་གཉིས་ཀར་དཀའ་ངལ་མི་འཕྲད་པའི་ཆེད་དུ་ཕུ་ཊིན་བརྙན་ལམ་ནས་ཚོགས་འདུར་ཞུགས་ཐུབ་པའི་ཐབས་ལམ་ཞིག་འཚོལ་གྱི་ཡོད་པར་སྣང་། ཁ་སང་གཟའ་ཉི་མའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕུ་ཊིན་དང་ཨུ་རུ་སུ་ཉེས་ཡངས་སུ་གཏོང་མི་ཉན་ཞེས་ནན་བརྗོད་བྱས་འདུག

སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་སྤྱིའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཨུ་རུ་སུས་དམག་འཁྲུག་གི་ནག་ཉེས་བསགས་ཡོད་པ་རྣམས་ནམ་ཡང་ཉེས་ཡངས་གཏོང་རྒྱུ་མིན་པའི་རྣམ་འགྱུར་གསལ་པོ་སྟོན་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་ངེས་པར་དུ་ཨུ་རུ་སུར་ཉེས་ཆད་ནས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་བྱ་དགོས་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཁ་སྔོན་གཟའ་པ་སངས་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་ལ་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ནས་མི་༢༣་བསད་པ་དང་ད་དུང་དེ་ལས་མང་བ་ཞིག་རྨས། གཟའ་ཉི་མའི་ཉིན་ཨུ་རུ་སུའི་དམག་གིས་འཕུར་མདེལ་འཕངས་ནས་ཡུཀ་རེན་གྱི་གྲོང་ཁྱེར་འགའ་ཞིག་ལ་གཏོར་རྒོལ་བྱས་ཏེ་མི་༣༤་བསད། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་དམག་སྒར་ཁག་ལ་གཏོར་རྒོལ་བྱེད་ཀྱི་ཡོད་ཟེར་ཡང་གཏོར་རྒོལ་འཕོག་ཡུལ་རྣམས་ཡུཀ་རེན་གྱི་མི་མང་དཀྱུས་མ་ཚོའི་སྡོད་གནས་ཁག་ཡིན་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་རྒན་རྒོན་དང་ཕྲུ་གུ བུད་མེད་སོགས་ཀྱང་གསོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༥་པའི་ཚེས་༡་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཨ་རིའི་གསང་བའི་ལས་ཁུངས་ཁག་ནས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། འདས་པའི་ཟླ་བ་ལྔའི་རིང་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་ཁྲི་ཚོ་༢་ལྷག་བསད་པ་དང་དམག་མི་ཁྲི་ཚོ་༨་ལྷག་རྨས། ༢༠༢༢་ལོའི་ཕྱི་ཟླ་༡༢་པ་ནས་ད་ལྟའི་བར་དུ་ཁྱོན་བསྡོམས་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ང་ཚོས་ཨུ་རུ་སུའི་དམག་མི་འབུམ་༡་ལྷག་བསད་རྨས་བྱུང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད། ཨུ་རུ་སུའི་དམག་མི་ཁྲི་ཚོ་༢་ལྷག་བསད་པ་དེའི་ཕྱེད་ཀ་ལྷག་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་རྣམས་རེད། ཨུ་རུ་སུའི་གཞུང་དམག་དང་ཝེ་གྷ་ནར་སྒེར་དམག་ཚོགས་པའི་གླས་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་བྷག་མུ་ཏ་གྲོང་ཁྱེར་ལེན་ཐབས་སུ་འཐབ་འཁྲུག་དྲག་པོ་བརྒྱབ། ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་ལེན་མ་ཐུབ་པར་བསད་རྨས་ཚབས་ཆེན་འཕོག་གི་འདུག་ཅེས་བཤད།།

བྷག་མུ་ཏ་གྲོང་ཁྱེར་ནི་དམག་དོན་འཐབ་ཇུས་ལ་གནད་འགག་ཆེན་པོ་ཞིག་མིན་རུང་སྔ་ལོའི་ཕྱི་ཟླ་༨་པ་ནས་ཨུ་རུ་སུའི་དམག་གིས་གྲོང་ཁྱེར་དེ་ལེན་པར་དཔུང་འཇུག་བྱ་རྒྱུ་མགོ་བརྩམས། ད་ལྟ་ཟླ་བ་༨་ཀྱི་རྗེས་སུ་ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་ཧྲིལ་པོ་ལེན་མ་ཐུབ། ཡུཀ་རེན་གྱི་དམག་གིས་དཔྱིད་ཀྱི་དུས་སུ་ཨུ་རུ་སུར་ཕར་རྒོལ་མ་བྱས་གོང་དུ་ཨུ་རུ་སུའི་མི་རྒྱུ་གཉིས་ཀ་བྷག་མུ་ཏ་གྲོང་ཁྱེར་གྱི་དམག་སར་འཛད་དུ་འཇུག་རྒྱུའི་འཐབ་ཇུས་བསྟེན། ཝེ་གྷ་ནར་སྒེར་དམག་ཚོགས་པའི་འགོ་ཁྲིད་ཚོས་བཙོན་ཁང་ཁག་ནས་བསྡུས་པའི་གླས་དམག་རྣམས་ཕངས་སེམས་མེད་པར་དམག་སར་བརྫངས། འཛམ་གླིང་ཡོངས་སུ་བྷག་མུ་ཏ་གྲོང་ཁྱེར་དུ་ཨུ་རུ་སུའི་དམག་མི་གསོད་ཀྱི་ཡོད་པ་དེར་ཡུཀ་རེན་གྱི་ཤ་འཐག་འཕྲུལ་ཆས་ཀྱི་ཁ་ནང་དུ་ཚུད་ཅེས་འགྲེལ་བཤད་བརྒྱབ། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཇཱོན་ཀིར་བྷིས་ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་གྱི་ས་ཆ་བླངས་པ་དང་དམག་མི་བསད་རྨས་བྱུང་བའི་ཁེ་གྱོང་གཉིས་གཏན་ནས་བསྡུར་ཐབས་མི་འདུག་ཅེས་བཀྲལ།།

ཉེ་བའི་ཟླ་བ་ལྔའི་རིང་ཨུ་རུ་སུའི་གཞུང་གིས་རང་གི་དམག་མི་ཅི་ཙམ་ཡུཀ་རེན་གྱི་བྷག་མུ་ཏ་གྲོང་ཁྱེར་དུ་བསད་རྨས་བྱུང་མིན་གསལ་བཀྲོལ་བྱེད་ཀྱི་མེད་པར་མ་ཟད། བྷི་བྷི་སི་གསར་འགྱུར་ལས་ཁང་གིས་ཀྱང་རང་ངོས་ནས་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁང་གིས་སྤེལ་བའི་གནས་ཚུལ་དེ་ཚོ་བདེན་པ་ཡིན་མིན་ངེས་གཏན་བྱེད་དཀའ། བྷག་མུ་ཏ་གྲོང་ཁྱེར་ལེན་ཐུབ་ན་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཌོ་ནེ་ཛིཀ་ས་གནས་ཆ་ཚང་ལ་དབང་བསྒྱུར་བྱ་རྒྱུའི་དམིགས་ཡུལ་འགྲུབ་སླ་བ་ཞིག་ཏུ་འགྱུར་སྲིད། ན་ནིང་ཕྱི་ཟླ་༩་པའི་ནང་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་ཞིང་ཆེན་བཅས་ལ་མང་མོས་འོས་བསྡུ་བྱས་ནས་ཨུ་རུ་སུའི་མངའ་འོག་ཏུ་ཟླ་སྒྲིལ་བྱ་རྒྱུའི་མོས་མཐུན་བྱུང་སོང་ཟེར། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཡུཀ་རེན་གྱིས་ཨུ་རུ་སུའི་ཁྱབ་བསྒྲགས་དེར་ངོས་ལེན་མ་ཐོབ། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཡུཀ་རེན་གྱི་ས་ཐོག་ནས་ཨུ་རུ་སུའི་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་བྱས་ནས་དམག་འཁྲུག་མཇུག་བསྒྲིལ་དགོས་ཞེས་ལན་མང་བཟློས།།

ཕྱི་ཟླ་༥་པའི་ཚེས་༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་ལྷན་ཀང་གི་མགྲིན་ཚབ་པ་ཇཱོར་ཀིར་བྷིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཌོན་བྷ་སི་མངའ་ཁུལ་ཆ་ཚང་ལེན་རྒྱུའི་དམག་དོན་འཐབ་ཇུས་དེར་གྲུབ་འབྲས་ཆེན་པོ་ཞིག་ཐོན་མ་སོང་། དེ་ལས་ལྡོག་སྟེ་བྷག་མུ་ཏ་གྲོང་ཁྱེར་དུ་ཨུ་རུ་སུའི་དམག་མི་བསད་རྨས་དང་མཚོན་ཆའི་གོ་མཛོད་རྣམས་སྟོང་པར་གྱུར། ཡུཀ་རེན་གྱིས་སྔར་བཞིན་རང་ས་བསྲུངས་ནས་སྟོབས་ཤུགས་ཇེ་ཆེ་རེད་ཅེས་སྨྲས། ཉེ་ཆར་ཝེ་གྷ་ནར་སྒེར་དམག་ཚོགས་པའི་འགོ་ཁྲིད་གདུག་རྩུབ་ཅན་ཡེབ་གྷེ་ཎི་པ་རི་གྷོ་ཤིན་གྱིས་ཨུ་རུ་སུའི་དྲྭ་ལམ་རྩོམ་འབྲི་བ་ཞིག་ལ་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་མཚོན་ཆ་རོགས་རམ་མ་སྤྲད་ཚེ། བྷག་མུ་ཏ་གྲོང་ཁྱེར་གྱི་དམག་ས་ཁག་ནས་ཝེ་གྷ་ནར་དམག་ཚོགས་ཀི་གླས་དམག་རྣམས་ཕྱིར་འཐེན་བྱ་རྒྱུ་ཡིན། ད་ནས་ཡུན་རིང་མི་འགོར་བར་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་རྣམས་ཉམས་དམས་སུ་འགྲོ་ཤས་ཆེ། ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་ལྷག་འཕྲོ་རྣམས་ཨ་ཧྥི་རི་ཀའི་མ་ལི་སོགས་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

པ་རི་གྷོ་ཤིན་གྱིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་དང་གསར་འགྱུར་ལས་ཁང་ཁག་གིས་མི་དམངས་ལ་མགོ་སྐོར་གཏོང་རྒྱུ་མཚམས་འཇོག་བྱ་དགོས། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཝེ་གྷ་ནར་དམག་ཚོགས་ཀྱི་གླས་དམག་ལ་མཚོན་ཆ་དང་མདེའུ། དམག་འཁྲུག་གི་མཁོ་ཆས་རྣམས་འདང་ངེས་ཤིག་སྤྲོད་ཀྱི་མི་འདུག ང་ཚོས་ཨུ་རུ་སུའི་མི་དམངས་ལ་རྫུན་མ་བཤད་པར་བདེན་གཏམ་བཤད་དགོས། ཡུཀ་རེན་གྱི་དམག་གི་འགོ་ཁྲིད་ཚོས་དམག་དོན་འཐབ་ཇུས་ཡང་དག་པ་ཞིག་ལག་ལེན་བསྟར་གྱི་འདུག་ཅེས་བསྔགས་བརྗོད་ཞུས། གཟའ་ཟླ་བའི་ཉིན་ཡུཀ་རེན་གྱི་མཐོ་རིམ་དམག་དོན་མི་སྣ་ཞིག་གིས་བྷག་མུ་ཏ་གྲོང་ཁྱེར་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་གཏོང་རྒྱུའི་འཐབ་ཇུས་བཤམས་ཡོད། དཔྱིད་ཀྱི་ཕར་རྒོལ་དེ་བདེ་བླག་ཏུ་ལག་ལེན་བསྟར་ཐུབ་པ་ཞིག་མ་རེད་ཅེས་བཤད། ད་ལྟ་ཡུཀ་རེན་གྱི་གཞུང་གིས་དཔྱིད་ཀྱི་དུས་འདིར་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་ཆ་ཚང་བྱས་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཀྱང་དུས་ནམ་ཞིག་དང་ས་གནས་གང་ནས་ཨུ་རུ་སུའི་དམག་ལ་ཕར་རྒོལ་བྱ་རྒྱུ་ཡིན་མིན་གསང་བ་བྱས་ནས་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG