ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་ཕེབས་ནས་ཞིས་ཅིན་ཕིང་བློ་ཁ་སྒྱུར་ཐབས། 


༄༅།། གཟའ་འཁོར་འདིར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཕེབས་ཏེ་ཞིས་ཅིན་ཕིང་ལ་ཐུག་འཕྲད་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་རྒྱག་གི་ཡོད་པར་རྒྱ་ནག་གིས་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་ཡོད་པ་སྒྱུར་ཐབས། རྒྱ་ནག་དང་ཧྥ་རན་སིའི་ཚོང་འབྲེལ་དེ་འཐབ་རྩོད་ཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་གསལ་སྟོན་བྱ་རྒྱུའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༤་པའི་ཚེས་༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རིན་སིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ནས་རྒྱ་ནག་གིས་ཨུ་རུ་སུར་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་པ་དང་ཡུཀ་རེན་གྱི་དམག་འཁྲུག་འགོག་ཐུབ་ཅེས་བསྒྲགས། ཉེ་ཆར་ཞིས་ཅིན་ཕིང་ཉི་མ་གཉིས་ལ་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིར་བསྐྱོད་ནས་ཕུ་ཊིན་ལ་འབྲེལ་བ་བཟང་པོ་ཡོད་པའི་རྣམ་འགྱུར་བསྟན་པ་དང་ཨུ་རུ་སུའི་གཞུང་ནས་རྒྱ་ནག་གིས་བཏོན་པའི་དམག་འཁྲུག་མཇུག་སྒྲིལ་གྱི་གྲོས་འཆར་དོན་ཚན་༡༢་ལ་བསྔགས་བརྗོད། ཡུ་རོབ་རྒྱལ་ཁབ་ཕལ་ཆེ་བས་རྒྱ་ནག་གིས་བཏོན་པའི་གྲོས་གཞི་དེར་སྣང་འཇོག་བྱེད་ཀྱི་མེད་ཀྱང་ཧྥ་རན་སིའི་གཞུང་གིས་དེ་ལ་ནུས་པ་ཞིག་འཐོན་སྲིད་པའི་རེ་ལྟོས་འཆང་གི་ཡོད་པ་གནས་ཚུལ་ཐོན་འདུག

ཧྥ་རན་སིའི་སྲིད་འཛིན་གྱི་སྔོན་དེར་འཇར་མན་གྱི་སྲིད་བློན་ཤོལ་ཛི་དང་སེ་པེན་གྱི་སྲིད་བློན་སན་ཆེ་སི་གཉིས་ཀྱང་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱུང་། སྲིད་འཛིན་མེཀ་རོན་གྱི་ལྷན་དུ་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝན་ཌར་ལེ་ཡན་ཡང་རྒྱ་ནག་ལ་ཕེབས་ཀྱི་ཡོད་ཅིང་། ཡུཀ་རེན་གྱི་དམག་འཁྲུག་ཐོག་ཏུ་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩི་སྒྲིལ་ཡིན་རུང་ཨ་མི་རི་ཀ་དང་མ་འདྲ་བར་ཡུ་རོབ་མཉམ་འབྲེལ་གྱིས་ཧྥ་རན་སིའི་ཐབས་ཇུས་ལྟར་རྒྱ་ནག་ལ་ཚོང་ལས་ཀྱི་གྲོས་མོལ་བྱ་རྒྱུའི་བརྡ་ཞིག་བཏང་འདུག ཨ་མི་རི་ཀས་རྒྱ་ནག་ལ་ཚོང་ལས་དང་འཕྲུལ་རིག་ལག་རྩལ་བཀག་འགོག ལྷོ་རྒྱ་ནག་རྒྱ་མཚོ་སོགས་ཕྱོགས་གང་ཐད་ནས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་ཀྱང་ཧྥ་རན་སིའི་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་འདོད་མེད་པར་མ་ཟད། སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཕེབས་ནས་ཚོང་ལས་ཡར་རྒྱས་གཏོང་རྒྱུ་དང་དེང་སྐབས་ཧྥ་རན་སི་རྒྱལ་ཡོངས་སུ་སྲིད་འཛིན་མེཀ་རོན་གྱིས་བགྲེས་ཡོལ་ལོ་ཚད་མཐོ་རུ་བཏང་བར་ངོ་རྒོལ་འབྱུང་གི་ཡོད་པ་ཞི་འཇོམ་གཏོང་ཐུབ་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན།།

ཧྥ་རན་སིའི་མཐོ་རིམ་གཞུང་འབྲེལ་མི་སྣ་དེས་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་ལ་སྲིད་འཛིན་མེཀ་རོན་ནས་རྒྱ་ནག་གིས་ཨུ་རུ་སུར་ཟླ་གྲོགས་བསྒྲིགས་ཡོད་པ་གཅོད་དུ་འཇུག་མི་ཐུབ་ཀྱང་ཞིས་ཅིན་ཕིང་ལ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་གྲོས་མོལ་བྱ་དགོས་པའི་ནན་སྐུལ་བྱ་རྒྱུ་ཡིན། ཞིས་ཅིན་ཕིང་གིས་ཡུཀ་རེན་གྱི་སྲིད་འཛིན་ལ་ཁ་པར་བཏང་ན་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་ཕེབས་པ་དེར་གྲུབ་འབྲས་ཤིག་ཐོན་པར་བརྩི་དགོས། སྲིད་འཛིན་མེཀ་རོན་གྱིས་ཞིས་ཅིན་ཕིང་ལ་གྲོས་མོལ་བྱས་ནས་ཡུཀ་རེན་མི་དམངས་ལ་ཕན་ཐོགས་ཡོད་པའི་ཐབས་ལམ་ཞིག་འཚོལ་འཆར་ཡོད། ད་དུང་རྒྱ་ནག་གིས་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲད་ནས་དེ་ལ་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་རྒྱུའི་ཉེན་བརྡ་གཏོང་འཆར་ཡོད་ཅེས་བཤད། སྔོན་ཆད་རྒྱ་ནག་ཏུ་བཅའ་སྡོད་ཧྥ་རན་སིའི་གཞུང་ཚབ་པ་ཟུར་པ་རི་ཕེར་གྱིས་སྲིད་འཛིན་མེཀ་རོན་ནས་ཞིས་ཅིན་ཕིང་ལ་ངེས་པར་དུ་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་ནག་གི་གསར་འགོད་རང་དབང་སོགས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་རྣམས་གླེང་སློང་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

གཟའ་འཁོར་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝན་ཌར་ལེ་ཡན་གྱིས་ང་ཚོས་རྒྱ་ནག་ལ་འདུན་པ་ཆེན་པོས་ཟླ་གྲོགས་བསྒྲིག་རྒྱུ་དང་དྲང་སྙོམས་ཀྱི་གཞི་རྩའི་ཐོག་ཏུ་འགྲན་སྡུར་བྱ་རྒྱུའི་གྲོས་མོལ་གྱི་ཁོར་ཡུག་ཅིག་བསྐྲུན་དགོས། རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་ལ་བཙན་དྲག་སྐུལ་བཞིན་པ་དང་ཡུ་རོབ་ཀྱི་གནད་འགག་ཆེ་བའི་ཚོང་ལས་ཚན་པ་ཁག་ལ་སྟངས་འཛིན་བྱ་ཐབས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ང་ཚོས་རྒྱ་ནག་ལ་འབྲེལ་བ་མ་བཅད་པར་ཛ་དྲུག་ཆུང་དུ་གཏོང་ཐུབ་རྒྱུའི་དམིགས་ཡུལ་འཛིན་དགོས་ཞེས་བཀྲལ། ཡུ་རོབ་ནི་རྒྱ་ནག་གི་ཚོང་གྲོགས་ཨང་གཉིས་པ་ཡིན་པ་དང་༢༠༢༡་ལོར་ཕྱོགས་གཉིས་ཀྱི་ཚོང་ལས་ཨ་སྒོར་ཐེར་འབུམ་༨༦༢་བརྒལ། རྒྱ་ནག་གིས་ཡུ་རོབ་ལ་དངོས་ཟོག་མང་བ་འཚོང་གི་ཡོད་ཀྱང་ཡུ་རོབ་ཀྱི་རླངས་འཁོར་དང་སྨན། འཕྲུལ་ཆས་སོགས་ཀྱི་དངོས་ཟོག་རྣམས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཤུགས་ཆེན་པོ་འཚོང་གི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༤་པའི་ཚེས་༢་ཉིན་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་གིས་ཧྥ་རན་སིའི་སྲིད་འཛིན་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་བློ་ཁ་སྒྱུར་ཐབས་དང་ཡུཀ་རེན་གྱི་དམག་འཁྲུག་འགོག་ཐབས་བྱས་པར་གྲུབ་འབྲས་མ་ཐོན་པ་རེད། ད་ལྟ་སྲིད་འཛིན་མེཀ་རོན་གྱིས་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་ཇེ་ཟབ་ཏུ་འགྲོ་བཞིན་པ་འགོག་ཐབས་དང་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་བར་འདུམ་བྱས་ནས་དམག་ཐག་གཅོད་དགོས་པའི་སྐུལ་ལྕག་གཏོང་རྒྱུའི་རྟགས་མཚན་འདུག ཡིན་ནའང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཚོང་འབྲེལ་བཅད་ཡོད་པ་དང་ཨ་རྒྱའི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་བཅས་ཀྱིས་སྲིད་འཛིན་མེཀ་རོན་གྱི་འཚམས་འདྲིར་འདིར་གྲུབ་འབྲས་ཐོན་ཐུབ་རྒྱུ་ཡིན་མིན་བཤད་དཀའ། སྔ་ལོ་སྲིད་འཛིན་མེཀ་རོན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་ཁ་པར་ལན་མང་བཏང་ནས་དམག་འཁྲུག་འགོག་ཐབས་བྱས་པར་གྲུབ་འབྲས་མ་ཐོན་པའི་རྗེས་སུ་རྒྱལ་སྤྱིའི་ཐོག་ཏུ་སྐྱོན་བརྗོད་ཕོག ནུབ་ཕྱོགས་རྒྱལ་ཁབ་ཕལ་ཆེ་བས་ཧྥ་རན་སིའི་སྲིད་འཛིན་གྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་འགག་གྲོལ་ཆེན་པོ་ཞིག་འབྱུང་མི་ཐུབ་པའི་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ།།

ཨ་རིའི་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་གསུམ་གྱིས་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཕེབས་པ་དང་ང་ཚོས་འགག་གྲོལ་ཆེན་པོ་ཞིག་འབྱུང་རྒྱུའི་རེ་ལྟོས་འཆང་གི་མེད། ཞིས་ཅིན་ཕིང་གིས་སྲིད་འཛིན་མེཀ་རེན་གྱི་འབོད་སྐུལ་ལྟར་ཨུ་རུ་སུར་གནོན་ཤུགས་སྤྲོད་རྒྱུ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་བཙན་དྲག་སྐུལ་བཞིན་པ་མཚམས་འཇོག་བྱེད་མི་སྲིད་པར་སྙམ། ལོ་གཅི་གི་སྔོན་དེར་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་པའི་སྔ་ནུབ་ཏུ་ཧྥ་རན་སིའི་སྲིད་འཛིན་གྱིས་དམག་འཁྲུག་འགོག་ཐབས་དང་རང་ཉིད་ཞི་བདེ་སྐྲུན་པ་པོ་ཞིག་ལ་འགྱུར་དུ་འཇུག་རྒྱུའི་འབད་བརྩོན་བྱས་པ་རེད། སྲིད་འཛིན་མེཀ་རོན་གྱི་འབད་བརྩོན་དེར་གྲུབ་འབྲས་ཐོན་མེད་པས་ཐེངས་འདིའི་འཚམས་འདྲི་ཡང་ཕུ་ཊིན་ལ་བཤོལ་བཏབ་པ་ལྟར་དུ་འགྱུར་ཤས་ཆེ། ཧྥ་རན་སིས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པར་ཨ་མི་རི་ཀར་བསམ་འཆར་ཅི་ཡང་མེད། སྲིད་འཛིན་མེཀ་རོན་གྱི་འཚམས་འདྲི་དེར་གྲུབ་འབྲས་ཤིག་སྨིན་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཨ་རི་དང་ཡུ་རོབ་གཉིས་ཨུ་རུ་སུའི་ཐོག་ཏུ་ལངས་ཕྱོགས་གཅིག་གྱུར་ཡིན་རུང་རྒྱ་ནག་ལ་ལངས་ཕྱོགས་མ་འདྲ་བ་ཞིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༤་པའི་ཚེས་༣་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་འཁོར་འདིར་ཧྥ་རན་སིའི་སྲིད་འཛིན་དང་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝན་ཌར་ལེ་ཡན་གཉིས་ཀྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་སྐབས་སུ་རྒྱ་ནག་གིས་རང་གི་ལངས་ཕྱོགས་ལ་འགྱུར་གཏོང་མི་སྲིད་མོད། འོན་ཀྱང་འཚམས་འདྲི་དེ་བརྒྱུད་ནས་གྲོས་མོལ་འགོ་འཛུགས་སའི་རྨང་གཞི་ཞིག་རྙེད་སྲིད། ཧྥ་རན་སིའི་སྲིད་འཛིན་དང་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གསུམ་གྱི་གཞི་གྲོས་གཙོ་བོ་ནི་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྡུ་ཐབས་ལ་འགྱུར་ཡིན་ཞིང་། འཇར་མན་གྱི་སྲིད་བློན་དང་སེ་པེན་གྱི་སྲིད་བློན་གཉིས་ཀས་ཞིས་ཅིན་ཕིང་ལ་ཐུག་འཕྲད་བྱས་པའི་སྐབས་སུ་རྒྱ་ནག་གིས་ཨུ་རུ་སུར་གནོན་ཤུགས་སྤྲད་ནས་དམག་འཁྲུག་མཇུག་བསྡུ་རུ་འཇུག་དགོས་ཞེས་ནན་གྱིས་བསྐུལ། ཧྥ་རན་སི་ཚུད་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་ཞི་བའི་གྲོས་མོལ་བྱ་དགོས་ཞེས་ལངས་ཕྱོགས་བཟུང་ཡོད་པར་འགྱུར་བ་ཐེབས་ཀྱི་མེད་པའི་གནས་ཚུལ་ཐོན།།

པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་ལམ་དམིགས་བསལ་ཉམས་ཞིབ་པ་སློབ་དཔོན་ཀྲའོ་ཏོ་ཇོང་གིས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ། ཧྥ་རན་སི་གསུམ་ནས་རྒྱ་ནག་གིས་བཏོན་པའི་གྲོས་འཆར་དོན་ཚན་༡༢་ཀྱི་ནང་དུ་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་དགོས་ཞེས་འཁོད་ཡོད་པ་གཞི་རྩར་བཟུང་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྡུ་ཐབས་ཐད་གྲོས་མོལ་བྱེད་ཐུབ། ཡིན་ནའང་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ། ཧྥ་རན་སི་བཅས་ནས་ཡུཀ་རེན་གྱི་ལངས་ཕྱོགས་བསྒྱུར་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད། རྒྱ་ནག་གིས་བར་འདུམ་བྱས་ནས་ཨི་རན་དང་སི་ཌི་ཨ་རེ་བྷི་ཡ་གཉིས་ལོ་༦་ལ་འབྲེལ་བ་ཆད་པ་སླར་གསོ་བྱུང་། དེས་ན་རྒྱ་ནག་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ལའང་བར་འདུམ་བྱ་རྒྱུར་འབུངས། ཧྲང་ཧེ་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་འགན་འཛིན་གཞོན་པ་ལོང་ཅིང་གིས་ཡུ་རོབ་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་རེ་བ་ཆེན་པོ་ཞིག་མ་འཆང་ན་ལེགས། དམག་འཁྲུག་འདིར་དངོས་སུ་འབྲེལ་བ་ཡོད་པའི་ཤོག་ཁག་གཉིས་ཀྱིས་འཐབ་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་གི་འདུག ཡུ་རོབ་ལ་རང་གི་དམིགས་ཡུལ་ལྟར་བསྒྲུབ་བྱ་ཞིག་ཡོད་ཀྱང་ཨུ་རུ་སུ་དང་ཡུཀ་རེན་གྱིས་མ་མཉན་ན་བྱ་ཐབས་ཟད་ཅེས་འགྲེལ་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG