ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༥/༠༥

རྒྱ་ནག་གི་ཞི་བའི་གྲོས་འཆར་དང་ཡུཀ་རེན་གྱི་བདག་དབང་གི་ཉེན་ཁ། 


༄༅།། ལི་ཐུ་ཝེ་ཎི་ཡའི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་བར་འདུམ་བྱེད་མི་ཐུབ། གལ་སྲིད་ཀིབ་གཞུང་གིས་རྒྱ་ནག་གིས་བཏོན་པའི་ཞི་བའི་གྲོས་འཆར་ལྟར་དམག་འཁྲུག་མཚམས་འཇོག་གི་གྲོས་མཐུན་བཞག་ན་ཡུཀ་རེན་གྱི་བདག་དབང་འཆོར་སྲིད་ཅེས་ཉེན་བརྡ་བཏང་འདུག ཕྱི་ཟླ་༤་པའི་ཚེས་༦་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལི་ཐུ་ཝེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དཔུང་སྒྲིག་བྱེད་ཀྱི་ཡོད་པའམ། ཡང་ན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འདོད་མོས་ལྟར་འཛམ་གླིང་འདིར་སྒྲིག་སྲོལ་ཞིག་གསར་གཏོད་བྱེད་པར་དཔུང་སྒྲིག་བྱེད་ཀྱི་ཡོད་པ་ཞིག་མཐོང་གི་འདུག རྒྱ་ནག་དང་ཨུ་རུ་སུས་གསར་གཏོད་བྱས་པའི་འཛམ་གླིང་གི་སྒྲིག་སྲོལ་འོག་ཏུ་ཡུཀ་རེན་ལ་བདག་དབང་ཆ་ཚང་ཞིག་ནམ་ཡང་མི་ཐོབ། དེ་ནི་དམག་འཁྲུག་མཚམས་འཇོག་གི་ཞི་བའི་གྲོས་འཆར་ཞིག་མ་རེད། རྒྱལ་ཁབ་ཅིག་གི་ས་ཆ་ཤོར་བའི་རྗེས་སུ་བདག་དབང་ཆ་ཚང་ཞིག་ཡོད་དམ་ཞེས་དྲིས་པའི་གནས་ཚུལ་ཐོན།།

ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་ཞིས་ཅིན་ཕིང་དང་ཕུ་ཊིན་གྱི་འབྲེལ་བ་དམ་ཟབ་ཏུ་འགྱུར་བཞིན་པ་དེ་འགོག་དཀའ་ཞིང་། གཟའ་ལྷག་པའི་ཉིན་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ནས་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་ལས་འགན་ཆེན་པོ་ཞིག་སྒྲུབ་ཐུབ། ཡུ་རོབ་དང་རྒྱ་ནག་གཉིས་ཚོང་འབྲེལ་གཅོད་རྒྱུ་དེར་འཐད་པ་མེད། ཨ་མི་རི་ཀ་དང་མ་འདྲ་བར་ཡུ་རོབ་ཀྱིས་རྒྱ་ནག་ལ་འབྲེལ་བ་སྙོམས་པོ་ཞིག་འཛིན་དགོས་ཟེར། ལི་ཐུ་ཝེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱ་ནག་གི་འདབས་རོལ་རྒྱལ་ཁབ་ཅིག་ཏུ་རྩི་བཞིན་འདུག ད་སྔ་རྒྱ་ནག་གི་དམིགས་ཡུལ་དེ་འགྲུབ་མེད་ཀྱང་མཐའ་མཇུག་ཨུ་རུ་སུ་རྒྱ་ནག་གི་འདབས་རོལ་རྒྱལ་ཁབ་ཅིག་ཏུ་འགྱུར་རྒྱུ་ལྡོག་ཐབས་བྲལ། ཡུ་རོབ་ཀྱི་འགོ་ཁྲིད་ཚོ་རྒྱ་ནག་ལ་ཚོང་འབྲེལ་གྱི་འཚམས་འདྲིར་བསྐྱོད་ནས་ཐག་གཅོད་བྱས་པའི་མཇུག་འབྲས་རྣམས་ཡུ་རོབ་མི་དམངས་ཀྱིས་མྱོང་མི་འོས་ཞེས་བསྟན། སྲིད་འཛིན་མེཀ་རོན་གྱི་ལྷན་དུ་ཧྥ་རན་སིའི་ཚོང་ལས་ཆེ་ཁག་དང་ཆུང་ཁག་གི་སྐུ་ཚབ་རྣམས་འདུས།།

putin xiཉེ་ཆར་ཞིས་ཅིན་ཕིང་དང་ཕུ་ཊིན་ཐུག་འཕྲད་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་རུང་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་ཞི་བའི་གྲོས་འཆར་དོན་ཚན་༡༢་བཏོན་པ་དེའི་ཞིབ་ཕྲ་རྣམས་གསལ་བསྒྲགས་མ་བྱུང་། ལི་ཐུ་ཝེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོས་རྒྱ་ནག་ལ་ཚོང་འབྲེལ་གཅོད་རྒྱུའི་ཐག་བཅད་པ་ཡིན། ཡུ་རོབ་ཀྱིས་ཉེན་ཁ་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དེ་རྒྱུན་ལྡན་གྱི་ཚོང་འབྲེལ་ཞིག་མ་རེད། ཨུ་རུ་སུ་དམག་གི་སྟོབས་ཤུགས་ཉམས་པ་དང་དཔལ་འབྱོར་ཉམས་ཆག མོ་སི་ཀོར་མཐུན་གྲོགས་རྒྱལ་ཁབ་གཅིག་ཀྱང་མེད་པར་མ་རྩ་ཡོངས་སུ་བརྡིབས་པའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པས་རྒྱ་ནག་གི་བཀོད་ཇུས་འོག་ཏུ་མ་ཚུད་རང་ཚུད་རེད་ཅེས་སྒྲུབ་བྱེད་བཀོད། ཉམས་ཞིབ་པ་ཚོས་ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ཕྱི་ཚུལ་དུ་འབྲེལ་བ་ཡག་པོ་བྱུང་ཡོད་པའི་རྣམ་པ་ཞིག་ཐོན། རྒྱ་ནག་གིས་དོན་དམ་དུ་ཨུ་རུ་སུར་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱུང་མི་འདུག དེའི་རྒྱུ་མཚན་ནི་ཕུ་ཊིན་གྱིས་ཞིས་ཅིན་ཕིང་རང་ཡུལ་དུ་ལོག་མ་ཐག་ཏུ་བྷེ་ལོ་རུ་སིའི་ས་ཐོག་ཏུ་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་ཏེ་རྒྱ་ནག་གི་ཞི་བའི་གྲོས་འཆར་ལ་ལན་འདེབས་བྱས་པ་རེད་ཅེས་གླེང་།།

ཕུ་ཊིན་གྱིས་ཨུ་རུ་སུའི་གཞུང་གིས་༢༠༡༤་ལོར་ཕྲོགས་པའི་ཁེ་རེ་མཱི་ཡ་གླིང་ཟུར་དང་༢༠༢༢་ལོར་ཕྲོགས་པའི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཞི་ཡ་དང་ཁར་སན་ཞིང་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པ་ཡུཀ་རེན་གྱིས་ཁས་ལེན་བྱས་ན་དམག་འཁྲུག་མཚམས་འཇོག་བྱེད་ཆོག་ཅེས་ཆ་རྐྱེན་བཏོན། ཡུཀ་རེན་གྱིས་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་མ་བྱས་བར་དུ་ཞི་བའི་གྲོས་མོལ་བྱ་རྒྱུ་མིན་ཞེས་ལངས་ཕྱོགས་བཟུང་། ལྷག་པར་དུ་སྲིད་འཛིན་ཛ་ལན་སི་ཀིས་ཐམས་ཅད་ཁེ་རེ་མཱི་ཡ་གླིང་ཟུར་ནས་འགོ་བཙུགས་པ་རེད། ཐམས་ཅད་ཁེ་རི་མཱི་ཡ་གླིང་ཟུར་ནས་མཇུག་བསྡུ་དགོས་ཞེས་གསལ་བསྒྲགས་ལན་འགའ་སྤེལ། ཨ་རི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ས་ཆ་སྤྲད་ནས་དམག་འཁྲུག་མཇུག་བསྡུ་རྒྱུ་ཡིན་མིན་ནི་ཡུཀ་རེན་གཞུང་དམངས་གཉིས་ཀྱིས་ཐག་གཅོད་བྱ་དགོས། ང་ཚོས་ཡུཀ་རེན་ལ་ས་ཆ་བློས་བཏང་སྟེ་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱ་དགོས་པའི་གནོན་ཤུགས་སྤྲོད་མི་ཐུབ་ཅེས་བསྒྲགས།།

ཕྱི་ཟླ་༤་པའི་ཚེས་༦་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་གཞུང་གིས་དཔྱིད་ཀྱི་ཕར་རྒོལ་དུས་སུ་དམག་ས་ཁག་ཏུ་འཐབ་འཁྲུག་གི་དམིགས་ཡུལ་རྣམས་གྲུབ་པ་དང་ཕར་རྒོལ་ལ་ནུས་པ་ཐོན་ན་ཨུ་རུ་སུར་ཞི་བའི་གྲོས་མོལ་བྱེད་སྲིད་ཅེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཛེ་ལན་སི་ཀིའི་མཐོ་རིམ་སློབ་སྟོན་པ་སི་བྷི་ཧས་ང་ཚོའི་གྲོས་མོལ་གྱི་དམིགས་པ་གཏོད་ས་གཙོ་བོ་དེ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་གནས་བབ་ཡིན། ཁེ་རེ་མཱི་ཡ་གླིང་ཟུར་ནི་༢༠༡༤་ལོར་ཨུ་རུ་སུས་ཁྲིམས་འགལ་ཐོག་ཏུ་བཙན་འཕྲོག་བྱས་པ་རེད། ཡུཀ་རེན་གྱི་དམག་དཔུང་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ས་མཚམས་བར་དུ་སླེབས་ན་གླིང་ཟུར་དེའི་བདག་དབང་ལ་གྲོས་མོལ་བྱ་རྒྱུའི་འདོད་པ་ཡོད། དེ་ནི་ཡུཀ་རེན་གྱི་དམག་གིས་ཁེ་རི་མཱི་ཡ་བཅིངས་འགྲོལ་གཏོང་རྒྱུ་མིན་ཟེར་བའི་སྐད་ཆ་མིན་ཞེས་བཤད། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཡུཀ་རེན་གྱི་དམག་གིས་ཁེ་རེ་མཱི་ཡ་ཕྱིར་ལེན་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན།།

སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་སི་བྷི་ཧའི་གཏམ་བཤད་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་བློ་འཚབ་ཡོད་པ་ཅུང་ཙམ་ཞི་འཇམ་གཏོང་ཐུབ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཁེ་རི་མཱི་ཡ་གླིང་ཟུར་ཕྲོགས་པ་དེ་གྲུབ་འབྲས་ཆེན་པོ་ཞིག་ཏུ་རྩི། གླིང་ཟུར་དེའི་བདག་དབང་ཐོག་ཏུ་ཐོབ་ཤོར་ཅི་ཞིག་བྱུང་ཡང་ཕུ་ཊིན་སྒེར་གྱི་ཐོབ་ཤོར་ལྟ་བུ་ཞིག་ཏུ་འགྱུར་གྱི་ཡོད་པར་མ་ཟད། ཨུ་རུ་སུས་འདས་པའི་ལོ་༩་ལ་དབང་ལུང་བསྒྱུར་བའི་གླིང་ཟུར་དེ་ཡུཀ་རེན་ལ་ཕྱིར་སྤྲོད་བྱ་དགོས་བྱུང་ན་ཕུ་ཊིན་ལ་ཕམ་ཉེས་ཆེན་པོ་ཞིག་ཡིན་པས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱེད་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། དབྱིན་ཇིའི་དངུལ་རྩའི་ཚགས་པར་གྱི་གསར་འགོད་པས་སི་བྷི་ཧ་ནི་ཡུཀ་རེན་གྱི་ཕྱི་འབྲེལ་མི་སྣ་ཉམས་མྱོང་ཅན་ཞིག་རེད། ཁོང་གིས་ཁེ་རི་མཱི་ཡ་གླིང་ཟུར་གྱི་བདག་དབང་ལ་གྲོས་མོལ་བྱེད་ཆོག་ཟེར་གྱི་ཡོད་པ་ནི་སྲིད་འཛིན་ཁེ་ལན་སི་ཀི་དང་ཡུཀ་རེན་གྱི་མཐོ་རིམ་འགོ་ཁྲིད་ཚོས་ཁེ་རི་མཱི་ཡའི་བདག་དབང་ལ་ཅི་ཞིག་བྱ་དགོས་མིན་ནང་ཁུལ་དུ་གྲོས་སྡུར་བྱེད་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་གསར་འགྱུར་སྤེལ། ཡུཀ་རེན་གྱི་དམག་གིས་རང་ས་ཕྱིར་ལེན་བྱེད་པར་དཔྱིད་ཀྱི་དུས་སུ་ཕར་རྒོལ་ཆེན་པོ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༤་པའི་ཚེས་༤་ཉིན་ཕྱི་སྲིད་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་བསྡུ་བའི་ཞི་བའི་གྲོས་འཆར་དོན་ཚན་༡༢་བཏོན་པ་དེར་གྲུབ་འབྲས་ཐོན་དཀའ། ཅི་སྟེ་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་ན་རྒྱ་ནག་གིས་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཏུ་བཅུག་ཡོད་ཤས་ཆེ། རྒྱ་ནག་གི་ཞི་བའི་གྲོས་འཆར་དེ་སྤྱི་མཚན་ཙམ་དང་དམག་འཁྲུག་མཚམས་འཇོག་གི་ལམ་སྟོན་གྲོས་འཆར་ཞིག་མིན་ཞིང་། རྒྱ་ནག་གིས་ཨ་མི་རི་ཀར་ཁ་གཏད་གཅོག་རྒྱུ་འབའ་ཞིག་ལ་དམིགས་ནས་ཆ་འཕྲིན་དང་ཕྱི་འབྲེལ་ཐབས་ཇུས་གསར་པ་ཞིག་འཛིན་གྱི་ཡོད་པ་གསལ་པོར་མངོན། ༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ལོ་༣་ལ་སྒོ་རྒྱ་བསྡམས་པ་དང་ཕྱི་འབྲེལ་ཡར་རྒྱས་གཏོང་མ་ཐུབ་པ་རེད། ཞིས་ཅིན་ཕིང་གིས་ཨ་རི་དང་ཡུ་རོབ་གཉིས་ཀྱིས་བསྒྲུབས་མ་ཐུབ་པ་ཞིག་རྒྱ་ནག་གིས་སྒྲུབ་ཐུབ་ཅེས་ཞི་བའི་གྲོས་འཆར་ཞིག་བཏོན། ཁོ་པས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་དུ་འཇུག་ཐུབ་ན་རྒྱ་ནག་ལ་ཕྱི་འབྲེལ་གྱི་རྒྱལ་ཁ་ཆེན་པོ་ཞིག་རེད་ཅེས་གནས་ཚུལ་སྤེལ།།

ཕྱི་སྲིད་དུས་དེབ་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས་༦༠་པ་དང་༧༠་པའི་ནང་དུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་གིས་རྒྱ་ནག་ནི་བར་འདུམ་པ་དང་ཞི་བདེ་སྐྲུན་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་ཨ་ཧྥི་རི་ཀ་དང་ཨེ་ཤི་ཡ། ལཱ་ཊིན་ཨ་མི་རི་ཀའི་མི་སེར་སྤེལ་བའི་རིང་ལུགས་འོག་ནས་བཅིངས་འགྲོལ་ཐོབ་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས། རྒྱལ་ཁབ་དེ་དག་གི་རྒྱབ་སྐྱོར་འོག་༡༩༧༡་ལོར་རྒྱ་ནག་གིས་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཁོངས་ནས་ཕུད་དེ་རྒྱལ་ཚོགས་སུ་རྒྱ་ནག་ལ་ཡོད་པའི་གདན་ཐོབ་དེ་པེ་ཅིང་གི་བཟུང་བ་རེད། དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་ཁ་གཏད་དུ་གྱུར་ཡོད་པའི་དུས་སུ་དམག་འཁྲུག་གི་དཀའ་ངལ་ཡོད་པ་དང་དཔལ་འབྱོར་ཉམས་རྒུད། རྒྱ་ནག་གི་རྒྱབ་སྐྱོར་ལ་བརྟེན་དགོས་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་དམ་ཟབ་འཛུགས་རྒྱུ་ནི་མའོ་ཙེ་ཏུང་གི་དུས་སྐབས་ལས་ཀྱང་གལ་གནད་ཆེ་རུ་སོང་། པེ་ཅིང་གི་ས་ཁམས་ཆབ་སྲིད་ཀྱི་ཤུགས་རྐྱེན་རང་ཡུལ་ནས་ཕྱི་ལ་ཁྱབ་དགོས་ན་ཕྱོགས་ཀུན་ཏུ་བལྟ་རྒྱུ་གནད་འགག་ཅིག་ཏུ་གྱུར། ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་གི་ཞི་བའི་གྲོས་འཆར་དེ་ཐོག་མ་ནས་ཕན་མེད་ཅིག་ཡིན་རུང་རྒྱ་ནག་གིས་བར་འདུམ་པའི་ལངས་ཕྱོགས་བཟུང་ནས་འབྱུང་འགྱུར་ལ་དམིགས་ཡོད་པ་བརྗོད་མི་དགོས་པ་ཞིག་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG