ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཕུ་ཊིན་གྱིས་མཚོན་ཆ་བཟོ་སྐྲུན་ཚོགས་ཆུང་གསར་འཛུགས། 


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་མཚོན་ཆ་བཟོ་སྐྲུན་ཚོགས་ཆུང་གསར་འཛུགས་དང་ཚོགས་ཆུང་གི་ལས་སྣེ་ཚོས་གསར་གཏོད་ཀྱི་བསམ་བློ་གཏོང་དགོས། ཨུ་རུ་སུའི་སྲིད་གཞུང་ཁྲིམས་དང་སྒྲིག་གཞི་སོགས་ལ་ཐོགས་ཏེ་འགགས་ནས་འདུག་མི་ཉན། ཡུཀ་རེན་གྱི་དམག་ས་ཁག་ཏུ་སྐྱེལ་འདྲེན་བྱ་དགོས་པའི་མཚོན་ཆ་དང་དམག་དོན་ཡོ་བྱད་རྣམས་མྱུར་དུ་མཁོ་སྒྲུབ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ཕྱི་ཟླ་༡༠་པའི་ཚེས་༢༦་ཡུ་རོབ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ཟླ་བ་༨་གྱི་དམག་འཁྲུག་གི་རིང་དེར་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་འཐབ་འཁོར། འཕུར་མདེལ་དང་འཐབ་འཛིང་གནམ་གྲུ་སོགས་གཏོར་སྐྱོན་ཕོག་ནས་དམག་དོན་ཡོ་བྱད་རྣམས་ཟད་ཡོད་པ་གསལ་སྟོན་བྱུང་ཞིང་། གཟའ་མིག་དམར་ཉིན་ཕུ་ཊིན་གྱིས་ཚོགས་ཆུང་ཞིག་གསར་དུ་བཙུགས་ནས་ཨུ་རུ་སུའི་དམག་ལ་མཚོན་ཆ་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་པ་འཕྲལ་དུ་སེལ་དགོས་ཞེས་བཀའ་ཕབ། ད་དུང་ཡང་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་བསླངས་ཡོད་པར་དམིགས་བསལ་གྱི་དམག་དོན་ལས་འགུལ་ཞེས་འབོད། ཨུ་རུ་སུའི་ཊ་སི་གསར་འགྱུར་ལས་ཁང་ནས་སྲིད་འཛིན་ཕུ་ཊིན་གྱིས་མི་ཚང་མས་གསར་གཏོད་ཀྱི་བསམ་བློ་བཏང་སྟེ་མཚོན་ཆ་བཟོ་སྐྲུན་བྱ་དགོས་པ་དང་དཀའ་ངལ་ཐམས་ཅད་ལ་གདོང་ལེན་བྱས་ནས་ལས་འགན་བསྒྲུབ་དགོས་པའི་གཏམ་བཤད་བྱས་པ་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གསར་འགྱུར་ལས་ཁང་མང་ཆེ་བས་ཉེ་ཆར་ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་པ་དེ་དག་ལ་མཚོན་ཆ་དང་དགོས་ངེས་ཀྱི་སྦྱོང་བརྡར། སྨན་སྒམ་དང་དམག་ཆས་རྣམས་མཁོ་སྤྲོད་བྱས་མ་ཐུབ་པར་སྒེར་གྱིས་ཉོ་སྒྲུབ་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གསར་འགྱུར་ལས་ཁང་ཁག་ཅིག་གིས་ཨུ་རུ་སུའི་དམག་མི་གསར་པ་ཚོར་བཀྲམ་པའི་མཚོན་ཆ་རྣམས་རྙིང་ཟད་བཀོལ་སྤྱོད་མེད་པ་ཤ་སྟག་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་དམག་མི་ཁག་ཅིག་གིས་གདོང་པ་བཀབ་ནས་ང་ཚོའི་དམག་ཆས་དང་མལ་གོས་རྣམས་སོ་སོ་རང་གིས་ཉོས་པ་ཡིན། དེང་སྐབས་དམག་དོན་ཡོ་བྱད་རྣམས་རིན་གོང་ལྡབ་མང་པོ་འཕར་ཏེ་ཉོ་ཐུབ་ཀྱི་མི་འདུག ང་ཚོའི་རྒྱགས་ཆས་ནི་ཕག་ལྟོ་བཞིན་རེད་ཅེས་སྡུག་སྐད་རྒྱག་གི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ།།

བདུན་ཕྲག་སྔོན་མར་སྲིད་འཛིན་ཕུ་ཊིན་ཨུ་རུ་སུའི་དམག་སྦྱོང་ཁང་ཞིག་ཏུ་གཟིགས་ཞིབ་ལ་བསྐྱོད། ཨུ་རུ་སུའི་དམག་སྦྱོང་ལས་སྣེ་ཚོས་དམག་ཆས་དང་མལ་གོས། སྨན་སྒམ་དང་མཁོ་ངེས་ཀྱི་ཡོ་བྱད་ཆ་ཚང་རང་འགྲིགས་སུ་ཡོད་པ་ཞིག་ཕུ་ཊིན་གྱི་མདུན་དུ་བཀྲམ། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་གི་མཚོན་ཆ་རྣམས་རྫོགས་ནས་ཨི་རན་དང་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་པའི་འཕུར་མདེལ་དང་སྒྱོགས་མདེལ། ཁ་ལོ་བ་མེད་པའི་འཕུར་གྲུ་སོགས་ཀྱིས་གཏོར་རྒོལ་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུའི་སྒྱོགས་མདེལ་རྣམས་ཚར་གྱི་ཡོད་པ་དང་རྒྱང་སྙོབ་འབེན་ཕོག་འཕུར་མདེལ་མེད་པར་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ལྷུང་། དེར་བརྟེན་ཨུ་རུ་སུས་དམིགས་འབེན་ལ་འཕོག་རྒྱུ་ངེས་གཏན་མེད་པའི་འཕུར་མདེལ་ཐེབས་ཆག་དེ་ཚོས་ཡུཀ་རེན་ལ་རྒོལ་རྡུང་བྱས་ནས་གང་ས་གང་དུ་གཏོར་རྒོལ་འཕོག་གི་འདུག་ཅེས་བསྟན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་དམག་འཁྲུག་ཞིབ་འཇུག་ཁང་གིས་ཨུ་རུ་སུའི་གནམ་དམག་གིས་གཏོར་རྒོལ་བྱ་རྒྱུ་ཤུགས་ཆུང་དུ་འགྲོ་བཞིན་པ་དང་ཁ་ལོ་བ་མེད་པའི་འཕུར་གྲུས་གཏོར་རྒོལ་བྱེད་ཀྱི་ཡོད་པ་ནི་ཨུ་རུ་སུར་རང་གིས་བཟོ་སྐྲུན་བྱས་པའི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ་མེད་པའི་རྟགས་མཚན་རེད། ཨུ་རུ་སུའི་དམག་དོན་འཐབ་ཇུས་ཀྱི་དམིགས་ཡུལ་རྣམས་འགྲུབ་ཐུབ་རྒྱུ་ཁག་པོ་ཡིན་པར་སྣང་ཞེས་བཀྲལ། འོན་ཀྱང་ཨུ་རུ་སུས་ཡུཀ་རེན་མི་དམངས་ཀྱི་ཁང་པ་དང་གཞུང་གི་ཁང་ཆེན་ཁག གློག་དང་དང་རྒྱ་ལམ། ཟམ་པ་དང་གནམ་ཐང་སོགས་ལ་གཏོར་རྒོལ་ཚབས་ཆེན་བྱས་ཤིང་། འཛམ་གླིང་དངུལ་ཁང་གིས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༣༧༠་ལྷག་གི་གཏོར་སྐྱོན་གྱོང་གུད་ཕོག་འདུག་ཅེས་སྙན་ཐོ་བཏོན།།

ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུ་རོབ་གླིང་གི་རྡུལ་ཕྲན་གློག་ཁང་ཆེ་ཤོས་ཏེ། ཡུཀ་རེན་གྱི་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ནང་དུ་གསང་བའི་སྒོ་ནས་འཛུགས་སྐྲུན་ཞིག་བྱེད་ཀྱི་འདུག ཁོ་ཚོས་རྡུལ་ཕྲན་གློག་རླབས་ཁྱབ་ཏུ་བཅུག་སྟེ་ཡུཀ་རེན་གྱིས་རྡུལ་ཕྲན་གློག་ཁང་དེར་གཏོར་རྒོལ་བྱས་པའི་ནག་ཉེས་འཛུགས་རྩིས་ཡོད་པ་འདྲ་ཞེས་བསྒྲགས། བདུན་ཕྲག་འདིར་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ཨ་རི་དང་དབྱིན་ཇི། ཧྥ་རན་སི་དང་ཏུར་ཀི་བཅས་ཀྱི་རྒྱལ་སྲུང་བློན་ཆེན་ཚོར་ཁ་པར་བཏང་ནས་ཡུཀ་རེན་གྱིས་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕེན་རྒྱུའི་རྟགས་མཚན་འདུག་ཅེས་ནག་ཉེས་བཙུགས། ཨ་རི་དང་དབྱིན་ཇི། ཧྥ་རན་སི་གསུམ་གྱིས་ཡུཀ་རེན་ལ་རྡུལ་ཕྲན་འབར་མདེལ་བཟོ་སྤྱད་རྒྱུ་ཆ་གང་ཡང་མེད་པར་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་ཇི་ལྟར་བཟོ་ཐུབ་ཅེས་ཨུ་རུ་སུའི་ཉེས་འཛུགས་ལ་དགག་པ་བརྒྱབ། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུས་ཡུཀ་རེན་གྱིས་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕེན་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པའི་གླེང་ཕྱོགས་བཟོས། ཕུ་ཊིན་གྱིས་རང་གི་བྱས་ཉེས་རྣམས་འགེབས་ཐབས་སུ་ཡུཀ་རེན་ལ་ནག་ཉེས་གཡོག་རྩིས་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཨུ་རུ་སུའི་དམག་གིས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ནང་དུ་གསང་བའི་འཛུགས་སྐྲུན་ཞིག་བྱས་སོང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གི་ལས་སྣེ་ཚོར་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ལ་རྟོག་ཞིབ་བྱེད་དུ་འཇུག་དགོས་ཞེས་གསལ་བསྒྲགས་སྤེལ། ད་ལྟ་ཡུཀ་རེན་གྱི་ཛ་པོ་རི་ཛི་ཡ་རྡུལ་ཕྲན་གློག་ཁང་ནི་ཨུ་སུ་རུ་སུའི་དམག་གི་སྟངས་འཛིན་འོག་ཏུ་ཚུད་ནས་ཡུཀ་རེན་གྱི་ལས་སྣེ་ཚོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལྷན་ཁང་གི་ལས་སྣེ་ཚོར་རྟོག་ཞིབ་བྱེད་དུ་འཇུག་གི་མེད་པར་མ་ཟད། ཨ་རིའི་ཕོ་བྲང་དཀར་པོས་ཨུ་རུ་སུས་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕངས་ནས་གཏོར་རྒོལ་བྱས་ན་དེ་ལ་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་རྒྱུའི་ཉེན་བརྡ་བཏང་འདུག

ཕྱི་ཟླ་༡༠་པའི་ཚེས་༢༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆའི་དམག་སྦྱོང་བྱས་པ་དང་ཕུ་ཊིན་གྱིས་རྒྱང་ནས་དམག་སྦྱོང་དེར་གཟིགས་ཞིབ། ཐོག་མདའ་དམག་སྦྱོང་ཞེས་འབོད་པའི་ལོ་རེའི་རྡུལ་ཕྲན་མཚོན་ཆའི་དམག་སྦྱོང་ནི་ཨུ་རུ་སུའི་རྡུལ་ཕྲན་དཔུང་སྡེར་གྲ་སྒྲིག་ཡོད་མེད་དང་ཕ་རོལ་པོ་ཟིལ་གྱིས་གནོན་རྒྱུའི་དམག་སྦྱོང་ཞིག་ཡིན་ཞིང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་ནུབ་ཆིངས་གཉིས་ལ་ཨུ་རུ་སུས་ཉི་མ་གཅིག་གི་སྔོན་ནས་དམག་སྦྱོང་བྱ་འཆར་ཡོད་ཅེས་བརྡ་བཏང་བ་དང་དེའི་སྔོན་དེར་ནུབ་ཆིངས་ཀྱིས་ཀྱང་རྡུལ་ཕྲན་མཚོན་ཆའི་དམག་སྦྱོང་ཚུགས། ཨུ་རུ་སུས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་སྐུལ་བྱེད་ཀྱི་ཡོད་པ་དང་ཡུཀ་རེན་གྱིས་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕེན་རྒྱུའི་ཉེན་ཁ་འདུག་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པའི་དུས་འདིར་ཨུ་རུ་སུ་དང་ནུབ་ཆིངས་གཉིས་ཀས་རང་གི་རྡུལ་ཕྲན་མཚོན་ཆ་གྲ་སྒྲིག་ཡིན་མིན་གྱི་དམག་སྦྱོང་བྱེད་དགོས་པ་ཞིག་ཏུ་གྱུར། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་། ཕུ་ཊིན་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་ཡོད་པས་ཡུཀ་རེན་གྱི་ས་སྟོང་ཞིག་དང་རྫ་མགོ་མཐོ་ས། དེ་མིན་ན་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་གིས་འཐབ་འཁྲུག་རྒྱག་གི་ཡོད་པའི་དམག་ས་ཞིག་ཏུ་རྡུལ་ཕྲན་འབར་མདེལ་ཆུང་ཆུང་ཞིག་འཕངས་ནས་ཕྱོགས་གཉིས་ཀས་དཔུང་འཇུག་བྱེད་མི་ཐུབ་པ་དང་ས་ཆ་དེ་ཕན་ཐོགས་མེད་པ་ཞིག་ཏུ་བསྒྱུར་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། མོ་སི་ཀོའི་གཞུང་འབྲེལ་མི་སྣ་ཚོས་རྡུལ་ཕྲན་མཚོན་ཆས་སྲུང་སྐྱོབ་བྱ་ཡུལ་ཁོངས་སུ་ཟླ་བ་སྔོན་མར་ཨུ་རུ་སུའི་མངའ་འོག་ཏུ་ཟླ་སྒྲིལ་བྱས་པའི་ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་ཞིང་ཆེན་བཞི་ཡང་ཚུད་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

གཟའ་ལྷག་པའི་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་འཁྲུག་འདི་གང་མགྱོགས་མཚམས་ཆོད་རྒྱུའི་རྟགས་མཚན་བྲལ། ཡིན་ནའང་ཕྱི་ཟླ་༡༡་པ་ནས་ཕྱི་ཟླ་༤་པའི་བར་དུ་དབུས་ཡུ་རོབ་ལ་དགུན་ཁ་ཚུགས་ཀྱི་ཡོད་པས་གནམ་གཤིས་གྲང་ངར་ཤིན་ཏུ་ཆེ། དེས་ན་ཨུ་རུ་སུས་ཡུཀ་རེན་ལ་འཕུར་མདེལ་གྱིས་གཏོར་རྒོལ་བྱས་ནས་གློག་ཁང་རྣམས་གཏོར་བཤིག ཡུཀ་རེན་མི་དམངས་ལ་དགུན་གྱི་དུས་སུ་གློག་མེད་པར་ཨུ་རུ་སུར་འགོག་རྒོལ་བྱ་རྒྱུའི་སྙིང་སྟོབས་ཞུམ་དུ་འཇུག་ཐབས་སུ་འབད། ཨུ་རུ་སུས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་ཚོས་གཏོར་རྒོལ་བྱས་ཏེ་རྒྱལ་ས་ཀིབ་གྲོང་ཁྱེར་སོགས་ལ་གཏོང་བཤིག་ཆེན་པོ་ཕོག་ཀྱང་རྒྱལ་ཁབ་དེའི་མི་དམངས་རྣམས་དཔའ་མ་ཞུམ། ཡུཀ་རེན་མི་དམངས་ལ་གློག་ཆད་ཀྱང་སྡུག་རུས་རྒྱག་རྒྱུའི་རྟགས་མཚན་ཐོན། དགུན་གྱི་གྲང་ངད་ཁྲོད་དུ་ཨུ་རུ་སུའི་དམག་ལ་དེ་བས་ཀྱང་དཀའ་ངལ་ཆེ་རུ་འགྲོ་ཤས་ཆེ། ཡུཀ་རེན་གྱི་དམག་ལ་ནུབ་ཆིངས་སྒྲིག་འཛུགས་ནས་དགུན་ཆས་དང་དགུན་ལྷམ་སོགས་རོགས་སྐྱོར་ཐོབ། ཁ་ན་ཌའི་གཞུང་གིས་ཡུཀ་རེན་གྱི་དམག་ལ་དགུན་ཆས་འབུམ་༥་རོགས་རམ་སྤྲད། ཨ་རི་དང་ཨེ་སི་ཊོ་ཎི་བཅས་ཀྱིས་ཀྱང་ཡུཀ་རེན་གྱི་དམག་ལ་དགུན་ཁར་མཁོ་བའི་ཡོ་བྱད་རྣམས་རོགས་རམ་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག འཛམ་གླིང་གི་དམག་དོན་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་འཇར་མན་ཎི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ལ་སོལ་རླངས་ཕྱིར་ཚོང་བཀག ཡུ་རོབ་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱིས་དགུན་ཁའི་གྲང་ངར་ལ་བཟོད་སྒོམ་མ་ཐུབ་པར་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་འགོག་སྲིད་པའི་ཁོག་རྩིས་བརྒྱབ། ཡུཀ་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མཚོན་ཆ་དང་དཔལ་འབྱོར་རོགས་རམ་ཆད་ན་ཨུ་རུ་སུར་དམག་འཁྲུག་གི་རྒྱལ་ཁ་ཐོབ་རྒྱུའི་རེ་ལྟོས་འཆང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG