ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨུ་རུ་སུས་ཕྲོགས་པའི་ས་ཁུལ་བཞིར་ཡུཀ་རེན་གྱི་དམག་གིས་དཔུང་འཇུག  


༄༅།། ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་མུ་མཐུད་དུ་དཔུང་འཇུག་བྱས་ནས་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ས་ཆ་རྣམས་ཕྱིར་ལེན་བྱེད་ཀྱི་ཡོད་ཅིང་། ཕུ་ཊིན་གྱིས་བདུན་ཕྲག་སྔོན་མར་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པའི་ཡུཀ་རེན་གྱི་ས་ཁུལ་བཞི་སྟེ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྒྲགས། ཕྱི་ཟླ་༡༠་པའི་ཚེས་༦་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཨུ་རུ་སུའི་གཞུང་གིས་འཕྲལ་དུ་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་བདག་འཛིན་བྱ་དགོས་ཞེས་བཀའ་ཕབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལས་ཁུངས་ཀྱི་འགོ་ཁྲིད་ཡུཀ་རེན་ལ་ཕེབས་ནས་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༡༠་པའི་ཚེས་ལྔའི་དགོང་མོར་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ལྷོ་ཕྱོགས་ཀྱི་ཁར་སན་གྲོང་གི་མཐའ་འཁོར་དུ་ཆགས་པའི་གཞིས་ཆགས་བཞི་བཅིངས་འགྲོལ་བཏང་བ་ཡིན་ཞེས་གཏམ་བྱས་འདུག ཁར་སན་གྲོང་ཁྱེར་ནི་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ཞིང་ཆེན་བཞིའི་ཡ་གྱལ་ཏེ། ཁར་སན་ཞིང་ཆེན་གྱི་རྒྱལ་ས་ཡིན་པ་དང་ཞིང་ཆེན་གཞན་གསུམ་ནི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་བཅས་ཡིན་ཞིང་། ཛ་པོ་རི་ཤི་ཡ་ཞིང་ཆེན་དེའི་ཡུཀ་རེན་གྱི་སྤྱི་ཁྱབ་ས་ཏ་རུག་གིས་ཕྱི་ཟླ་༡༠་པའི་ཚེས་༦་གི་ཞོགས་པར་མདང་དགོང་ཨུ་རུ་སུའི་དམག་གིས་འཕུར་མདེལ་འཕངས་ནས་གཏོར་རྒོལ་བྱས་ཏེ་མི་གཉིས་བསད་སོང་། མི་མང་གི་ཁང་པ་མང་པོ་ཞིག་གཏོར་བཤིག་བཏང་ནས་གང་ས་གང་དུ་མེ་སྐྱོན་ཕོག་སོང་ཞེས་བཀྲལ། ཁ་སང་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱིས་གཞུང་གིས་ཛ་པོ་ཤི་ཡ་རྡུལ་ཕྲན་གློག་ཁང་ལ་བདག་སྐྱོང་བྱེད་ཀྱི་ཡོད། རྡུལ་ཕྲན་གློག་ཁང་དེའི་ལས་བྱེད་པ་ཚོས་ཨུ་རུ་སུས་བཀོད་སྒྲིག་ལྟར་གན་རྒྱ་སོགས་ལ་མིང་རྟགས་འགོད་མི་ཉན་ཞེས་ནན་གྱིས་བསྐུལ།།

ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ལུ་ཧན་ཛིཀ་ཞིང་ཆེན་ཧྲིལ་པོ་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་ཀྱང་གཟའ་འཁོར་འདིར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ལུ་ཧན་ཛིཀ་ཞིང་ཆེན་གྱི་གྲོང་གསེབ་ཁག་ཅིག་ཕྱིར་བླངས། ས་ཁུལ་དེའི་ཡུཀ་རེན་གྱི་ཞིང་ཆེན་སྤྱི་ཁྱབ་སེར་ཧི་ཧེ་དྷས་ང་ཚོའི་དམག་གིས་ལུ་ཧན་ཛིཀ་མངའ་ཁུལ་གྱི་གྲོང་གསེབ་དྲུག་བཅིངས་འགྲོལ་བཏང་བ་ཡིན། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གི་བཀོད་འདོམས་མ་བྱུང་བར་དུ་གྲོང་གསེབ་དེ་དག་གང་གང་ཡིན་མིན་གསལ་བཀྲོལ་བྱ་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་ཁར་སན་མངའ་ཁུལ་དུ་གྲུབ་འབྲས་ཐོན། ཡུཀ་རེན་གྱི་དམག་གིས་ལྷོ་ཕྱོགས་སུ་ཕར་རྒོལ་བྱས་ནས་ཉི་མ་གཅིག་ལ་སྤྱི་ལེ་༢༠་ཐམ་པ་མདུན་སྐྱོན་བྱས་ཐུབ་འདུག་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དངོས་སུ་ཕམ་ཉེས་ངོས་ལེན་མ་བྱས་ཀྱང་ཡུཀ་རེན་གྱི་ས་ཁུལ་བཞིར་དབང་བསྒྱུར་བྱེད་ཐུབ་ཀྱི་མེད་པ་ཤུགས་ཀྱིས་བསྟན། ཁོང་གིས་ཕྱི་ཟླ་༡༠་པའི་ཚེས་༥་ཉིན་དགེ་རྒན་ཚོར་ཨུ་རུ་སུའི་མངའ་ཁོངས་སུ་གསར་དུ་བསྡུས་པའི་ས་གནས་ཁག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་ཐུབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད། ད་ནས་བཟུང་སྟེ་ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ཨུ་རུ་སུའི་མངའ་ཁོངས་སུ་གྱུར་ཡོད་པས་རྡུལ་ཕྲན་གློག་ཁང་དེར་ཨུ་རུ་སུའི་ལས་བྱེད་པ་ཚོས་བདག་སྐྱོང་བྱ་དགོས་ཞེས་བརྙན་ལམ་དུ་གཏམ་བཤད་བྱས་འདུག ཛ་པོ་རི་ཤི་ཡ་རྡུལ་ཕྲན་གློག་ཁང་ཨུ་རུ་སུའི་སྟངས་འཛིན་འོག་ཏུ་ཡོད་ཀྱང་ཡུཀ་རེན་གྱི་ལག་རྩལ་བ་ཚོས་བདག་སྐྱོང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་ལྷག་པའི་ཉིན་ཕུ་ཊིན་ནས་ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པའི་ཁྲིམས་ཡིག་ལ་མིང་རྟགས་བཀོད་ཀྱང་ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ས་ཆ་ཤོར། ཨུ་རུ་སུའི་དམག་དཔུང་ཁག་ཅིག་གིས་ཡུཀ་རེན་ལ་མགོ་སྒུར། དམག་དཔུང་ཁག་ཅིག་དམག་ས་ཁག་ནས་བྲོས་ཏེ་ཡུཀ་རེན་གྱི་མདུན་སྐྱོད་དམག་འགོག་མི་ཐུབ་པར་གྱུར། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་མཁོ་སྤྲོད་བྱས་པའི་མཚོན་ཆ་དེ་དག་གིས་ཨུ་རུ་སུའི་དམག་ལ་གཏོར་རྒོལ་ཚབས་ཆེན་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། ཨུ་རུ་སུས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་དང་དུས་རབས་སྔོན་མའི་ལོ་རབས་༦༠་ནང་དུ་བཟོས་པའི་ཨུ་རུ་སུ་དམར་ཤོག་གི་ལྕགས་ཁྲབ་འཁོར་ལོ་རྙིང་པ་རྣམས་གོ་མཛོད་ཁག་ནས་ཕྱི་ལ་བཏོན་ཏེ་དམག་འཁྲུག་ལ་བཀོལ། ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱས་པའི་ཤུལ་དུ་མི་མང་སྡེབ་གསོད་བྱས་པའི་དུར་ས་དང་མནར་གཅོད་ཁང་རྣམས་རྙེད། བདུན་ཕྲག་སྔོན་མར་ཡུཀ་རེན་གྱི་དམག་གིས་ཕྱིར་ལེན་བྱས་པའི་ལི་མན་གྲོང་དུ་དུར་ས་༥༠་ལྷག་རྙེད་ཡོད་པ་དང་དུར་ས་ཁག་ཅིག་ལ་མིང་བྱང་བྲིས། དུར་ས་ཁག་ཅིག་ལ་ཨང་གྲངས་བཀོད་འདུག་ཅེས་ཡུཀ་རེན་གྱི་ཧ་རོ་མ་ཌི་སི་ཀེ་གསར་ཁང་གིས་གནས་ཚུལ་སྤེལ། ཡུཀ་རེན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་བསད་པའི་ཕུང་པོ་རྣམས་བདག་པོ་མེད་པར་རྒྱ་ལམ་གཡས་གཡོན་དུ་ལུས། བྷི་བྷི་སི་གསར་འགྱུར་ལས་ཁང་གི་ཨུ་རུ་སུའི་སྐད་ཡིག་སྡེ་ཚན་གྱིས་ཨུ་རུ་སུའི་དམག་གི་གསང་བའི་ལས་ཁུངས་ཀྱི་དམག་མི་རྣམས་ཡུཀ་རེན་ལ་གསང་ཉུལ་དུ་བཏང་སྟེ་དམག་སྡེ་དེའི་དམག་མི་བཞི་ཆའི་གསུམ་བསད་རྨས་བྱུང་འདུག་ཅེས་གནས་ཚུལ་སྤེལ།།

ཨུ་རུ་སུའི་དྲིལ་སྒྲོགས་པ་དང་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་ཨུ་རུ་སུའི་དམག་ལ་ཕམ་ཉེས་འབྱུང་གི་ཡོད་པའི་ལན་ཁག་རྣམས་ནུབ་ཆིངས་སྒྲིག་འཛུགས་ལ་འདུག་ཅེས་སྐྱོན་བཙུགས། ཨུ་རུ་སུའི་གཞུང་གིས་བསྐོ་བཞག་བྱས་པའི་ཁར་སན་ཞིང་ཆེན་གྱི་འགོ་ཁྲིད་གཞོན་པ་སི་ཊི་རེ་མོ་སོབ་ཀྱིས་ང་ཚོས་དམག་ས་ཁག་ཏུ་དམག་དཔུང་འགྲེམ་འཇོག་བྱེད་ཕྱོགས་ལ་བསྐྱར་སྒྲིག་བྱས་ནས་རྒོལ་ལན་སློག་དགོས། ཡུཀ་རེན་གྱི་དམག་དཔུང་ཁར་སན་གྲོང་ཁྱེར་དུ་ནམ་ཡང་འཛུལ་མི་ཐུབ་ཅེས་བཤད། རོ་མན་ས་པོན་ཀོབ་ཟེར་བའི་ཨུ་རུ་སུའི་དམག་སའི་གཞུང་འབྲེལ་གསར་འགོད་པ་ཞིག་གིས་དར་འཕྲིན་དྲྭ་ལམ་གྱི་རྗེས་འབྲང་བ་ཚོར་གྲོགས་པོ་ཚོ། ཁར་སན་གྲོང་ཁྱེར་ནི་ཨུ་རུ་སུའི་ལག་ནས་འཆོར་གྱི་འདུག ཁྱེད་ཚོས་དམག་འཁྲུག་གི་གནས་སྟངས་སྐོར་གྱི་གསར་འགྱུར་ལ་སྒུག་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་བྱང་ཕྱོགས་ཀྱི་གཡས་ཕྱོགས་ཆུ་འགྲམ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་དེར་གོད་ཆག་ཆེན་པོ་ཞིག་བྱུང་སོང་། ད་ནི་ངས་ཅི་ཞིག་བཤད་དགོས་པའང་ཤེས་ཀྱི་མི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ། དམག་དོན་ཉམས་ཞིབ་པ་ཚོས་ཕུ་ཊིན་གྱིས་སྔ་ཙམ་དམག་སྐུལ་མ་བྱས་པ་དང་ཨུ་རུ་སུའི་དམག་ལ་བསད་རྨས་ཚབས་ཆེན་ཕོག ཨུ་རུ་སུའི་དམག་གི་མཚོན་ཆ་དང་དམག་དོན་ཡོ་བྱད་ཧ་ཅང་མང་པོ་ཞིག་ཡུཀ་རེན་གྱིས་ཕྲོགས་ཡོད་པས་དམག་གི་སྟོབས་ཤུགས་ཆེས་ཉམས་ཞན་གྱི་གནས་སུ་ལྷུང་འདུག ཨུ་རུ་སུའི་དམག་མི་སྦྱོང་བརྡར་གང་ལེགས་ཐོབ་ཡོད་པ་དེ་དག་གིས་ཀྱང་ཁར་སན་གྲོང་ཁྱེར་གྱི་ནུབ་ཕྱོགས་ཆུ་འགྲམ་དུ་ཡུཀ་རེན་གྱི་དཔུང་འཇུག་ལ་འགོག་རྒོལ་བྱེད་ཐུབ་ཀྱི་མི་འདུག ཕུ་ཊིན་གྱིས་དམག་སྐུལ་བྱས་པའི་རྗེས་སུ་དམག་མི་གསར་པ་ཚོར་གློ་ཕོགས་མ་སྤྲད། དམག་མི་གསར་པ་ཚོས་ང་ཚོར་གླ་ཕོགས་དགོས། ང་ཚོར་བཟའ་ཟླ་བུ་ཕྲུག་གསོ་རྒྱུ་ཡོད་ཅེས་དགོས་འདུན་འདོན་གྱི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ།།

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་སྐུལ་དེར་ལམ་ལྷོངས་འབྱུང་མེད་པས་ཕུ་ཊིན་གྱིས་དམག་འཁྲུག་གི་ཇུས་ཉེས་དེ་དག་གི་ལན་ཁག་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུར་དཀྲིས། ཨུ་རུ་སུའི་དམག་དཔོན་གཞན་ཚོས་སྔར་བཞིན་ཕུ་ཊིན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན། གཟའ་ལྷག་པའི་ཉིན་དམག་འཁྲུག་ཞིབ་འཇུག་ཁང་གིས་ཕུ་ཊིན་གྱི་དམག་འཐབ་སྲིད་ཇུས་དེར་ཨུ་རུ་སུའི་རྒྱལ་ནང་དུ་འདོད་པ་མ་ཚིམས་པར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་སོང་། ཕུ་ཊིན་གྱིས་རྒྱལ་ནང་གི་སྐྱོན་བརྗོད་འགོག་པར་རྒྱལ་སྲུང་བློན་ཆེན་ཤོ་གུ་བགེགས་གླུད་དུ་སྤྱོད་ཤས་ཆེ། དེའི་རྒྱུ་མཚན་ནི་གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་ཨུ་རུ་སུའི་སློབ་ཕྲུག་དམག་ཁོངས་སུ་བསྡུས་ཡོད་པ་རྣམས་རང་ཁྱིམ་དུ་ཕྱིར་སློག་བྱོས། དམག་སྐུལ་གྱི་ལས་དོན་ཁག་ལ་ནོར་འཁྲུག་འབྱུང་གི་ཡོད་པ་དང་དམག་སྐུལ་དུས་ཐོག་ཏུ་བྱས་མེད་པའི་ལན་ཁག་རྣམས་རྒྱལ་སྲུང་ལྷན་ཁང་ལ་འདུག་ཅེས་བཀའ་བཀྱོན་ཕབ། དེ་ནི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་དམིགས་འབེན་དུ་བཟུང་ནས་སྐྱོན་བརྗོད་བྱས་པ་གསལ་པོ་རེད། ཕུ་ཊིན་དང་ཨུ་རུ་སུའི་དྲག་ཐལ་རིང་ལུགས་པ་ཚོའི་འབྲེལ་བ་དམ་ཟབ་ཏུ་འགྲོ་བཞིན་འདུག་ཅེས་སྙན་ཐོ་བཏོན། ཟླ་བ་སྔོན་མར་ཕུ་ཊིན་གྱིས་ཨུ་རུ་སུའི་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་ཀྱང་དམག་ཁྲལ་རྒྱུག་དགོས་པའི་སྐྱེས་པ་འབུམ་༣་དང་ཁྲི་ཚོ་༧་ལྷག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས། སྔོན་ཆད་ཕུ་ཊིན་གྱི་རྒྱབ་རྩར་ཀ་བ་ལྟར་ལངས་པའི་རྒྱབ་སྐྱོར་བ་ཚོས་ཀྱང་དམག་འཐབ་སྲིད་ཇུས་འདིར་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཨན་ཌི་རེ་ཀར་ཏ་པོ་ལོབ་ཟེར་བ་ཞིག་གིས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་རྒྱལ་སྲུང་ལྷན་ཁང་གིས་གནས་ཚུལ་དྲང་པོ་བཤད་ཀྱི་མེད་པ་ངེས་པར་དུ་མཚམས་འཇོག་བྱ་དགོས་ཞེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG