ངོ་འཕྲད་བདེ་བའི་དྲ་འབྲེལ།

མ་ཎ་ལི་ནས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་བར་དུ་ཞི་བའི་གོམ་བགྲོད།


།། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མ་ཎ་ལི་དང་ཀུ་ལུ་ས་གནས་སུ་གནས་འཁོད་བོད་པ་དང་བླངས་པ་གསུམ་གྱིས་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་སོགས་འབོད་སྐུལ་དོན་ཚན་གསུམ་ཞུ་བར་དེ་རིང་ཕྱི་ཟླ་༩་ཚེས་༢༣་ཉིན་མ་ཎ་ལི་ས་གནས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་མགོ་བརྩམས་འདུག བོད་དོན་ཞི་བའི་གོམ་བགྲོད་དེར་མི་གསུམ་ཞུགས་ཡོད་པ་རྣམས་ནི་ཚེ་རིང་དོན་གྲུབ་དང་ཚེ་རིང་དབང་འདུས། ཆུང་བདག་བཅས་ཡིན་ཞིང་། ཁོང་ཚོའི་གྲས་ཀྱི་དགུང་ལོ་བགྲེས་ཤོས་ནི་ལོ་༦༥་ལ་སོན་འདུག

ཞི་བའི་གོམ་བགྲོད་པ་ཚེ་རིང་དོན་གྲུབ་ཀྱིས་ལས་འགུལ་འདི་ནི་དང་བླངས་ཐོག་ཏུ་སྤེལ་གྱི་ཡོད། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་དེང་སང་འཚོ་བ་འགྲིག་ཙམ་ཡོད། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལྟར་བོད་དོན་ཆེད་དུ་དཀའ་ལས་རྒྱག་དགོས་བསམ་ཡོད། དེང་སྐབས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པ་ཁ་ཤས་ཀྱིས་བོད་དོན་ལས་འགུལ་སྤེལ་བཞིན་ཡོད་པས་ལས་འགུལ་དེ་འདྲ་གང་ས་གང་དུ་སྤེལ་རྒྱུ་གལ་ཆེར་མཐོང་གི་འདུག བོད་དོན་ཞི་བའི་གོམ་བགྲོད་འདི་བརྒྱུད་ནས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པ་དང་དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་ནས་བོད་རྒྱ་ཞི་མོལ་བྱ་དགོས། པཎ་ཆེན་རིན་པོ་ཆེ་གཙོས་ཆབ་སྲིད་ཀྱི་བཙོན་པ་རྣམས་གློད་གྲོལ་གཏང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བཤད།།

བོད་དོན་ཞི་བའི་གོམ་བགྲོད་པ་ཚེ་རིང་དབང་འདུས་དང་ལོ་ན་༦༥་ལ་སོན་པའི་ཆུང་བདག་རྣམ་གཉིས་ནི་སྔ་ལོ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་ལྟར་རྡ་ས་ནས་ཅན་རྡི་གར་བར་གྱི་བོད་དོན་གོམ་བགྲོད་ལས་འགུལ་ལའང་ཞུགས་མྱོང་ཡོད་ཅིང་། ད་ལྟ་ཏོག་དབྱིབས་ནད་དུག་གི་ཛ་དྲག་ཆེ་བའི་སྐབས་སུ་བོད་དོན་གོམ་བགྲོད་ལ་ཞུགས་རྒྱུ་དེར་འཇིགས་སྣང་དང་འཛེམ་ཟོན་མེད། བོད་རང་བཙན་གྱི་ཆེད་དུ་དུས་ནམ་ཞིག་ཡིན་རུང་སེམས་ཤུགས་ཡོད་ཅེས་གསུང་གི་འདུག

རྒྱ་གར་བྱང་ཕྱོགས་མ་ཎ་ལི་ས་གནས་ནས་རྒྱལ་ས་ལྡི་ལིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་བར་དུ་ཞི་བའི་གོམ་བགྲོད་པ་གསུམ་གྱིས་ཉིན་ལྟར་རྒྱང་ཐག་སྤྱི་ལེ་༢༠་ནས་༣༠་ཡས་མས་རེར་སྐྱོད་བཞིན་ཡོད་པར་མ་ཟད། ཁོང་ཚོ་ཉིན་གྲངས་༢༥་ནང་ཚུད་དུ་ལྡི་ལིར་འབྱོར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG