ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་གསང་ཉུལ་རེད་ཅེས་བཟུང་བའི་པདྨ་དར་རྒྱས་ངག་དབང་སུ་རེད།


པདྨ་དར་རྒྱས་ངག་དབང་(credit: Twitter/NYPD111Pct )

༄༅།། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པ་པདྨ་དར་རྒྱས་ངག་དབང་ཞེས་པའི་བོད་པ་ཞིག་རྒྱ་ནག་གི་གསང་ཉུལ་རེད། ཁོ་པས་ནེའུ་ཡོཀ་མངའ་ཁུལ་དུ་གནས་འཁོད་བོད་པ་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཅི་ཞིག་སྤེལ་གྱི་ཡོད་མེད། བོད་པ་ཚོའི་ནང་ཁུལ་དུ་འགལ་ཟླ་ཅི་ཙམ་ཡོད་མེད། ནེའུ་ཡོཀ་མངའ་ཁུལ་གྱི་གནད་ཡོད་བོད་པ་བཙན་བྱོལ་བ་སུ་སུ་ལ་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱིས་འབྲེལ་བ་བཙུགས་ན་ཕན་ཐོགས་ཡོད་མེད་རྟོག་ཞིབ་བྱས་ནས་གནས་ཚུལ་བསྡུ་རུབ་བྱས་པ་རྣམས་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་དུ་སྤྲད་པ་རེད་ཅེས་གནས་ཚུལ་ཐོན། ཨ་རིའི་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་པདྨ་དར་རྒྱས་ངག་དབང་ནི་རིག་གནས་བརྗེ་ལེན་གྱི་ཐོངས་མཆན་ཐོག་ཏུ་ཨ་མི་རི་ཀར་སླེབས། ཁོ་པ་རིག་གནས་བརྗེ་ལེན་གྱི་ཐོངས་མཆན་དུས་རྫོགས་པའི་རྗེས་སུ་རང་ཡུལ་ལ་ཕྱིར་ལོག་མ་བྱས་པར་ཨ་མི་རི་ཀར་སྲིད་དོན་སྐྱབས་བཅོལ་ཞུས་པ་རེད་ཅེས་བཀོད། ད་ལྟ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་པདྨ་དར་རྒྱས་ངག་དབང་ཞེས་པའི་མི་དེ་བོད་པ་ངོ་མ་ཞིག་ཡིན་མིན། གལ་སྲིད་ཁོ་པ་བོད་པ་ངོ་མ་ཞིག་ཡིན་ན་ཕ་ཡུལ་གང་ནས་ཡིན་མིན་སོགས་ལ་གླེང་སློང་དང་དོགས་སློང་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག གཤམ་ལ་ཝྭི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་པདྨ་དར་རྒྱས་ངག་དབང་ཐོག་མར་ནེའུ་ཡོཀ་གྲོང་ཁྱེར་དུ་འབྱོར་དུས་འབྲེལ་བ་བྱུང་བ་དང་ངོ་ཤེས་པའི་མི་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད། ཁོ་ཚོར་རང་གི་མིང་དངོས་རྣམས་གསལ་སྟོན་བྱ་འདོད་མེད་པས་ཀ་པ་དང་ཁ་པ། ག་པ་དང་ང་པ་ཞེས་མིང་བཏགས་ནས་ཞིབ་ཕྲ་རྣམས་བཀླག་པར་འཚལ།།

ཀ་པ། ༢༠༠༥་ཡི་ལོ་མཇུག་ཡས་མས་སུ་པདྨ་དར་རྒྱས་ངག་དབང་ཨ་རིའི་ས་གནས་གཞན་ཞིག་ནས་ནེའུ་ཡོཀ་གྲོང་ཁྱེར་དུ་འབྱོར་བྱུང་། ང་དེ་དུས་ནེའུ་ཡོཀ་གྲོང་ཁྱེར་གྱི་ཝུ་ཌི་ས་ཡེ་ཊེ་ཕྱོགས་སུ་བསྡད་ཡོད། མཚན་དཀྱིལ་གྱི་ཆུ་ཚོད་དང་པོ་ཡས་མས་ཤིག་ལ་ང་ལཱར་གྷོ་ཌི་ཡ་གནམ་ཐང་དུ་པདྨ་དར་རྒྱས་ངག་དབང་བསུ་རུ་ཕྱིན་པ་ཡིན། ཁོ་པར་ཤེས་རབ་སྐལ་བཟང་ཞེས་ཨ་ཞང་ཡིན་ཟེར་བའི་གཉེན་ཚན་ཞིག་འདུག ཨ་ཞང་དེས་རང་གི་ཚ་བོ་ཞིག་ནེའུ་ཡོཀ་ལ་ཡོང་གི་ཡོད། ཁྱོད་ཀྱི་ནང་དུ་ཁང་མིག་སྟོང་པ་ཡོད་ན་དེར་འཇོག་རོགས་བྱོས་ཟེར་ནས་རེ་བ་བཏོན་བྱུང་། སྐབས་དེར་ངའི་ཤག་རོགས་ནེའུ་འཇར་སིར་སྤོར་ཟིན་པས་ང་ལ་ཁང་མིག་སྟོང་པ་ཞིག་ཡོད་པ་པདྨ་དར་རྒྱས་ངག་དབང་ལ་གླ་རྒྱུའི་མོས་མཐུན་བྱས་པ་ཡིན།།

པདྨ་དར་རྒྱས་ངག་དབང་ལ་ཕ་ཡུལ་གང་ཡིན་ཞེས་དྲིས་ན་སྐབས་འགར་ཚ་ཁོ་ཡིན་ཟེར་པ་དང་རྒྱལ་རོང་ཡིན་ཟེར་གྱི་འདུག ངེད་གཉིས་ཁང་པ་གཅིག་གི་ནང་དུ་ཤག་རོགས་བྱས་ནས་ལོ་གཉིས་མ་ཟིན་ཙམ་ཞིག་བསྡད་པ་ཡིན། འོན་ཀྱང་མི་དེ་འདྲིས་ཁག་པོ་དང་སྐད་ཆ་དྲང་པོར་གཏན་ནས་མི་བཤད་མཁན། མི་ལ་དོགས་ཟོན་འབའ་ཞིག་བྱས་ནས་སྡོད་མཁན་ཞིག་རེད། ཁོ་པའི་ཕ་ཡུལ་དུ་ཁྱིམ་ཚང་ཧ་ཅང་ཕྱུག་པོ་ཡིན། ཨ་ཕའི་གོ་གནས་མཐོན་པོ་ཡིན། ནེའུ་ཡོཀ་གྲོང་ཁྱེར་དུ་སློབ་གྲྭར་འགྲིམ་གྱི་ཡོད་པའི་སློབ་ཡོན་རྣམས་ཕ་མས་བསྐུར་ཡོང་གི་ཡོད་ཟེར་གྱི་འདུག ཁོ་པར་སྒོར་མོ་ཧ་ཅང་འབེལ་པོ་འདུག ཁོ་པས་ཕ་མ་གཉིས་ལ་ཁ་པར་གཏོང་དུས་རྟག་ཏུ་རྒྱ་སྐད་བཤད་ནས་ཁ་བརྡ་བྱེད་ཀྱི་འདུག མེས་མོ་ཞིག་ཡོད་པ་དེར་ཁ་བརྡ་བྱེད་དུས་རྒྱལ་རོང་སྐད་དམ། ཡང་ན་ཚ་ཁོའི་སྐད་ཡིན་ཟེར་པའི་ལུང་སྐད་རྩ་ནས་མི་གོ་བ་ཞིག་བཤད་ཀྱི་འདུག འོན་ཀྱང་ཕར་ཉན་ན་མི་དེས་རྒྱལ་རོང་སྐད་ཀྱང་ཡག་པོ་ཞིག་བཤད་ཤེས་ཀྱི་ཨེ་ཡོད་སྙམ་པའི་བག་ཆགས་ཤིག་སྟེར་གྱི་འདུག

ངས་ཉི་མ་གཅིག་ཁོ་པར་ཁྱོད་ཨ་མི་རི་ཀར་གཏན་སྡོད་བྱ་འདོད་ཡོད་ན་སྲིད་དོན་སྐྱབས་བཅོལ་ཞུ་རྒྱུ་དེ་མགོ་བརྩམ་ན་ཡག་པོ་ཡོད་པ་རེད། དེ་ལ་རྒྱུད་རིམ་ཡུན་རིང་འགོར་གྱི་རེད་ཅེས་བཤད་པ་ཡིན། ཡིན་ནའང་ཁོ་པས་ང་ཕ་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་ཡིན། ངའི་ཨ་ཕའི་གོ་གནས་ང་ལ་ལས་སླ་བོར་འཐོབ་ཀྱི་རེད་ཅེས་ལན་བཏབ་བྱུང་། ཁོ་པ་སློབ་གྲྭ་འགྲོ་ཡི་ཡོད་ཟེར་ཀྱང་རྟག་ཏུ་ནེའུ་ཡོཀ་གྲོང་ཁྱེར་གྱི་རྒྱ་གྲོང་མྱུག་ནས་སྡོད་ཀྱི་ཡོད་པའི་དོགས་པ་ཞིག་སྐྱེས་བྱུང་། ཉི་མ་གཅིག་ཁོ་པས་ནེའུ་ཡོཀ་གྲོང་ཁྱེར་གྱི་རྒྱ་གྲོང་དེར་མ་ཡ་ཟེར་བ་ཞིག་དང་ཁོ་མོའི་ཁྱོ་ག་ནོར་བུ་ཟེར་པ་ཞིག་གིས་སྲིད་དོན་སྐྱབས་བཅོལ་ཞུ་མཁན་ཚོར་ཡིག་ཆ་བཟོ་རོགས་བྱེད་ཀྱི་འདུག་ཅེས་ཟེར་བྱུང་། དེར་བརྟེན་ངས་ཁོ་པས་ལྐོག་ཏུ་སྲིད་དོན་སྐྱབས་བཅོལ་ཞུ་རྒྱུའི་ཡིག་ཆ་བཟོ་འགོ་ཚུགས་ཡོད་པ་འདྲ་བསམས་བྱུང་། ང་ལ་དེའི་སྐོར་གྱི་སྐད་ཆ་ཚིག་གཅིག་བཤད་མ་བྱུང་།།

པདྨ་དར་རྒྱས་ངག་དབང་གིས་རྒྱ་སྐད་དང་དབྱིན་སྐད་ཐ་ཐོར་ཞིག་མ་གཏོགས་དབུས་སྐད་དང་ཁམས་སྐད། ཨམ་སྐད་སོགས་ཚིག་གཅིག་ཀྱང་བཤད་ཤེས་ཀྱི་མི་འདུག ཁོ་པས་རྒྱལ་རོང་སྐད་བཤད་ཤེས་ཀྱི་ཡོད་ཟེར་ཀྱང་སྐད་ཆ་ཚིག་འགའ་ཞིག་ལས་ཤེས་ཀྱི་མེད་པ་འདྲ། ཁོ་པའི་བསམ་བློ་གཏོང་ཕྱོགས་དང་སྐད་ཆ་བཤད་སྟངས། བསམ་བློའི་འདུ་ཤེས་འཛིན་སྟངས་ནི་རྦད་དེ་རྒྱ་མི་རྒྱ་རྐྱང་ཡིན་པས་ངེད་གཉིས་ཤག་རོགས་བྱས་ནས་བསྡད་ཀྱང་གཏན་ནས་སེམས་ཁ་མཐུན་པོ་ཞིག་བྱུང་མ་སོང་། ཁོ་པ་ཁོ་རང་གི་ཤག་ཏུ་འཛུལ་བ་དང་ང་ནི་ངའི་ཤག་ཏུ་འཛུལ་ནས་བསྡད་པ་ཡིན། ཁོ་པ་སྤོར་ཕྱིན་པའི་རྗེས་སུ་འབྲེལ་བ་གཏན་ཆད་དུ་སོང་སྟེ་ཕན་ཚུན་ཁ་པར་ཞིག་ཀྱང་བཏང་མྱོང་མེད། སྐབས་འགར་མི་གཞན་གྱི་ཁ་ནས་པདྨ་དར་རྒྱས་ངག་དབང་ཨ་རིའི་དམག་ཁོངས་སུ་ཞུགས་ནས་ཨི་རཀ་ལ་ཕྱིན་པ་རེད། ཨབ་གྷ་ཎི་སི་ཐན་ལ་ཕྱིན་པ་རེད་ཅེས་སྐད་ཆ་རེ་ཟུང་རེ་གོ་ཐོས་བྱུང་མྱོང་ཡོད། ཁ་སང་ཁོ་པ་འཛིན་བཟུང་བྱས་པ་རེད་ཟེར་དུས་ང་ནི་ཧང་སང་སོང་ཞེས་བཤད།།

ཁ་པ། ང་མཚམས་རེར་ཀ་པའི་ཁྱིམ་དུ་འགྲོ་དུས་པདྨ་དར་རྒྱས་ངག་དབང་ལ་ཐུག་མྱོང་ཡོད། ཁོ་པ་དེ་དུས་ཕོ་གསར་ལོ་ཆུང་རྒྱགས་རིལ་རིལ་ཞིག་འདུག ཁོ་པས་སྐབས་འགར་ཕ་ཡུལ་ཚ་ཁོ་ཡིན། མཚམས་རེར་ཕ་ཡུལ་ཁྲོ་ཆུ་ཡིན་ཟེར་བྱུང་། མི་དེས་བོད་སྐད་དང་ཨམ་སྐད་སོགས་ཅི་ཡང་ཤེས་ཀྱི་མི་འདུག ཐེངས་གཅིག་ཁོ་པས་ངའི་མདུན་དུ་གློ་ཁུག་ནང་ནས་ཨ་སྒོར་བརྒྱ་ལོར་ཆག་པ་མཐུག་པོ་ཞིག་བླངས་ཏེ་ཅོག་ཙེའི་ཐོག་ཏུ་བཞག་སོང་། ཁོ་པའི་ཕ་ཡུལ་གྱི་ཁྱིམ་ཚང་ཕྱུག་པོ་ཡིན་ཞེས་ང་ལ་དངུལ་སྒོར་ངོམ་སོ་བརྒྱབ་སོང་། ངའི་སེམས་པར་མི་འདི་དངུལ་སྒོར་ལ་ཧ་ཅང་དགའ་མཁན་ཞིག་རེད་ཨང་བསམས་མྱོང་། ཁ་སང་ཁོ་པ་འཛིན་བཟུང་བྱས་པ་རེད་ཅེས་གསར་འགྱུར་ཐོས་དུས་མི་དེར་རྒྱ་གཞུང་གིས་དངུལ་སྒོར་སྤྲད་ནས་བསླུས་པ་རེད་དྲན་བྱུང་། ཁོ་པའི་རྒྱ་སྐད་ནི་རྒྱ་མི་ལྟར་བཤད་ཐུབ་ཀྱི་འདུག བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་རྣམས་མཐའ་གཅིག་ཏུ་རྒྱ་མིའི་བསམ་བློ་གཏོང་སྟངས་དང་རྒྱ་མིའི་འདུ་ཤེས་འཛིན་སྟངས་རེད། ངའི་སེམས་སུ་མི་འདི་ཚ་ཁོ་བ་ཡིན་ཟེར་གྱི་ཡོད་ཀྱང་དོན་དངོས་སུ་ཏན་ཏན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་རྒྱ་ཕྲུག་ཅིག་ཡིན་ས་རེད་དྲན་མྱོང་། ཁོ་པས་མི་ཁག་ཅིག་ལ་ཕ་མ་གཉིས་བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་ས་གནས་ཤིག་ཏུ་ཡོད་ཅེས་བཤད་མྱོང་ཡོད་ས་རེད།།

ངས་ཚོད་དཔག་བྱས་ན་ཁོ་པ་ཐོག་མར་ཕ་ཡུལ་ནས་ཨ་རིར་ཡོང་དུས་རྒྱ་གཞུང་གི་ལས་འགན་ཡོད་རྒྱུ་མ་རེད་སྙམ། ཁོ་པ་ཨ་རི་ནས་ཕ་ཡུལ་ལ་གཉེན་འཕྲད་དུ་འགྲོ་རེ་བཞིན་དུ་རྒྱ་གཞུང་གི་གསང་བའི་ལས་ཁང་དང་འཐབ་ཕྱོགས་གཅིག་གྱུར། རྒྱལ་ཁབ་བདེ་འཇགས་ལྷན་ཁང་བཅས་ཀྱིས་དྲག་པོས་སྡིགས་ར་བསྐུལ་བ་དང་ཞི་བའི་འཇམ་འགུགས་ནས་རྒྱ་གཞུང་གི་གསང་ཉུལ་ལ་གྱུར་པ་ཡིན་སྲིད། ཁོ་པ་ནེའུ་ཡོཀ་ཏུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཚན་པར་འབྲེལ་བ་ཡོད་པ་འདྲ། རྒྱ་གཞུང་གིས་གསང་བའི་ལས་ཁུངས་དང་རྒྱལ་ཁབ་བདེ་འཇགས་སོགས་ལ་ཧ་ལམ་འབྲེལ་བ་ཨེ་ཡོད་སྙམ། ཁོ་པའི་ཆུང་མ་རྒྱ་མོ་དེ་དོལ་རྒྱལ་ཚོགས་པའི་འགོ་ཁྲིད་ཚོར་འབྲེལ་བ་ཡོད་ས་རེད། གཅིག་བྱས་ན་ཆུང་མ་རྒྱ་མོ་དེ་རྒྱ་གཞུང་གི་ལས་འགན་ཡོད་པའི་མི་ཞིག་ཡིན་སྲིད་ཅེས་བཤད།།

ག་པ། ང་ནེའུ་འཇར་སིར་སྤོར་ཟིན་པའི་རྗེས་སུ་སྐབས་འགར་ནེའུ་ཡོཀ་གྲོང་ཁྱེར་ལ་ཤག་རོགས་རྙིང་པར་ཐུག་འཕྲད་དུ་འགྲོ་ཡི་ཡོད། དེ་དུས་ང་པདྨ་དར་རྒྱས་ངག་དབང་ལ་ཐུག་མྱོང་། ང་ལ་མི་དེ་བོད་པ་ཞིག་རེད་བསམས་པའི་བག་ཆགས་ཤིག་གཏན་ནས་བྱུང་མ་སོང་། ཁོ་པས་བོད་སྐད་ཅི་ཡང་མི་ཤེས་གདའ། ངའི་ཤག་རོགས་རྙིང་པས་མི་འདི་ཕྱི་ལ་ཕྱིན་ནས་ལོག་ཡོང་དུས་སྐབས་འགར་ཨ་སྒོར་བརྒྱ་ལོར་བསྡམས་སྒྲིལ་རེ་འཁྱེར་ཡོང་གི་འདུག མི་འདིར་དངུལ་སྒོར་དེ་འདྲ་མང་པོ་ཞིག་གང་ནས་རག་གི་ཡོད་པ་ཡིན་ནམ་ཞེས་ང་ལ་དོགས་འདྲི་བྱས་པ་དྲན་གྱི་འདུག་ཅེས་བཤད།།

ང་པ། ང་ཟླ་བ་གཉིས་གསུམ་ཞིག་སྔོན་དེར་ནེའུ་ཡོཀ་གྲོང་ཁྱེར་གྱི་བོད་པའི་ཟ་ཁང་ཞིག་ཏུ་བྱིས་པའི་སྐྱེས་སྐར་གྱི་དགའ་སྟོན་ཞིག་ལ་ཕྱིན་པ་ཡིན། སྐབས་དེར་པདྨ་དར་རྒྱས་ངག་དབང་ཡང་སྐྱེས་སྐར་དགའ་སྟོན་དེར་སླེབས་འདུག མི་ཚོས་ཕན་ཚུན་སྐད་ཆ་བཤད་པ་དང་བུ་མོ་ཞིག་གིས་པདྨ་དར་རྒྱས་ངག་དབང་ལ་ཁྱོད་ཀྱི་ཕ་ཡུལ་ཨ་མདོ་མ་རེད་དམ་ཞེས་དྲིས་སོང་། ཁོ་པས་རྒྱ་སྐད་ཀྱིས་(པུ་ཧྲི། ཝོ་ཧྲི་ཁཱང་པ་རེན། ཝོ་ཧྲི་ཁཱང་ཆུས་ཏེ) མ་རེད། ང་ཁམས་པ་ཡིན། ངའི་ཕ་ཡུལ་ཁམས་ཡིན་ཞེས་ལན་བཏབ་སོང་། ངའི་སེམས་སུ་ཁོ་པའང་རྒྱ་རོང་བ་ཚོ་ཁམས་པ་ཡིན་ཟེར་མཁན་དེའི་གྲས་ཤིག་ཡིན་པ་འདྲ་དྲན་བྱུང་། ང་ནི་མི་འདིར་ལོ་བཅུ་ལྷག་གི་ཡར་སྔོན་དུ་ཀ་པའི་ཤག་ཏུ་ཐུག་མྱོང་ཡོད། དེ་དུས་ཁོ་པས་བོད་པ་བཙན་བྱོལ་བ་ཚོ་འཚོ་བ་སྐྱོ་བོ་དང་དཔལ་འབྱོར་ཉམས་ཐག བཙན་བྱོལ་སྤྱི་ཚོགས་སུ་མི་འཇོན་ཐང་ཅན་མེད་ལུགས། བོད་ནང་གི་འཚོ་བ་ཡར་རྒྱས་དང་དཔལ་འབྱོར་གོང་འཕེལ། བོད་པ་ཕྱུག་པོ་མང་པོ་ཡོད་རབས་ཀྱི་སྐད་ཆ་རྐྱང་རྐྱང་བཤད་སོང་། ད་ལྟ་ལོ་བཅུ་ལྷག་གི་གཞུག་ཏུ་ཐུག་དུས་ཀྱང་སྔོན་མའི་སྐད་ཆ་བཤད་སྟངས་ལ་འགྱུར་བ་ཐེབས་མི་འདུག ངས་ཁོ་པར་ཁྱོད་ཀྱི་བསམ་བློ་ནི་ལོ་མང་རྗེས་སུའང་ཡར་རྒྱས་ཕྱིན་མི་འདུག་ཅེས་གདོང་ལ་བལྟས་ནས་བཤད་པ་ཡིན། དེ་ལ་ཁོ་པ་ཡི་མ་རངས་པར་རྒྱ་སྐད་ཐོག་ཏུ་ཨ་ཁུ་ང་པ། ཉཱི་ཐེ་གོ་ཧྥེང་ལོ་ཞེས་ང་ལ་ཁྱོད་ཀྱི་སྐད་ཆ་དེ་ཐལ་དྲགས་སོང་ཞེས་སྐྱེས་སྐར་གྱི་དགའ་སྟོན་དེར་འཛོམས་པའི་མི་ཚོགས་ཁྲོད་དུ་ལན་བརྒྱབ་སོང་། མི་དེའི་ཕ་ཡུལ་གང་ཡིན་དང་ངོ་མར་བོད་པ་ཡིན་མིན་ནི་གཏན་ནས་དྲང་པོར་བཤད་ཀྱི་མེད་པ་འདྲ་ཞེས་བཤད་དོ།།

XS
SM
MD
LG