ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ནེའུ་ཡོཀ་གྲོང་ཁྱེར་གྱི་བོད་པ་ཉེན་རྟོག་པ་ཞིག་འཛིན་བཟུང་།


༄༅།། དེ་རིང་གཟའ་ཟླ་བའི་ཉིན་ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པ་བོད་པ་པདྨ་དར་རྒྱས་ངག་དབང་ཞེས་པ་ཞིག་འཛིན་བཟུང་བྱས་འདུག ཁོ་པས་ཨ་རིའི་ནེའུ་ཡོཀ་མངའ་ཁུལ་གྱི་བོད་པ་ཚོར་ལྟ་རྟོག་བྱས་ནས་གསང་བའི་གནས་ཚུལ་བསྡུ་རུམ་བྱས་པ་རྣམས་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་ལ་མཁོ་སྤྲོད་བྱས་པ་དང་ཁོ་པ་རྒྱ་ནག་གི་གསང་ཉུལ་ཡིན་པའི་ནག་ཉེས་ཐོག་ཏུ་འཛིན་བཟུང་བྱས་འདུག ད་ལྟ་ལོ་ན་༣༣་ལ་སོན་པའི་པདྨ་དར་རྒྱས་ངག་དབང་གི་སྐྱེས་ཡུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཞིག་རེད་ཅེས་བཀོད། ཨ་རིའི་གཞུང་གི་གྱོད་འཛུགས་ཁྲིམས་སྦྱོར་བ་ཚོས་ཁྲིམས་ཁང་ལ་པདྨ་དར་རྒྱས་ངག་དབང་དངུལ་སྒོར་གཏའ་མར་བཞག་ནས་གློད་གྲོལ་གཏོང་མི་ཉན། ཁོ་པ་ཨ་མི་རི་ཀ་ནས་བྲོས་བྱོལ་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག་ཅེས་ཞུས། གལ་སྲིད་ཨ་རིའི་གྱོད་འཛུགས་ཁྲིམས་སྦྱོར་བ་ཚོས་པདྨ་དར་རྒྱས་ངག་དབང་ལ་ནག་ཉེས་བཙུགས་པ་རྣམས་དོ་བདག་གིས་དཀར་འདོན་བྱེད་མ་ཐུབ་ཚེ། ཁོ་པར་ཨ་མི་རི་ཀའི་ཁྲིམས་ལུགས་ལྟར་ཁྲིམས་ཆད་ལྕི་ཤོས་ནི་ལོ་༥༥་ལ་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད།།

དེ་རིང་འཛིན་བཟུང་དུས་སུ་པདྨ་དར་རྒྱས་ངག་དབང་གིས་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁུ་དབྱིན་སི་ས་ཁུལ་དུ་ཉེན་རྟོག་པའི་ལས་དོན་སྒྲུབ་ཀྱི་ཡོད་པར་མ་ཟད། ཁོ་པ་ཐོག་མར་རིག་གནས་བརྗེ་ལེན་གྱི་ཐོངས་མཆན་ཐོག་ཏུ་ཨ་མི་རི་ཀར་སླེབས། འོན་ཀྱང་ཁོ་པ་ཐོངས་མཆན་གྱི་དུས་ཡུན་རྫོགས་པའི་རྗེས་སུའང་རང་ཡུལ་ལ་ཕྱིར་ལོག་མ་བྱས་པར་རང་ཉིད་བོད་པ་ཡིན། དེའི་སྟབས་ཀྱིས་སྔོན་ཆད་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་མནར་གཅོད་མྱངས་མྱོང་ཞེས་ཨ་མི་རི་ཀར་སྲིད་དོན་སྐྱོབས་བཅོལ་ཞུས་འདུག ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་ཤར་ཕྱོགས་འཛིན་ཁྲིམས་ཁང་གིས་བཀྲམ་པའི་འཛིན་བཟུང་བཀའ་ཡིག་དེར་འཁོད་པ་ལྟར་ན། པདྨ་རྒྱས་དར་རྒྱས་ངག་དབང་གིས་རང་ཉིད་སྔོན་ཆད་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་མནར་གཅོད་མྱངས་མྱོང་ཞེས་ཨ་མི་རི་ཀར་སྐྱབས་བཅོལ་ཞུ་བའི་སྙན་ཞུའི་ནང་དུ་བཀོད་མོད། འོན་ཀྱང་ཁོ་པར་ཨ་མི་རི་ཀའི་སྲིད་དོན་སྐྱབས་བཅོལ་བའི་ཐོབ་ཐང་རག་པའི་རྗེས་སུ་རྒྱ་ནག་ལ་འགྲོ་སྐྱོད་ལན་མང་བྱས་འདུག རྒྱ་ནག་གཞུང་གིས་འཛིན་བཟུང་དང་མནར་གཅོད་འཕོག་རྒྱུར་འཇིགས་སྣང་བྱེད་དགོས་པའི་མི་ཞིག་རྒྱ་ནག་ལ་དེ་ལྟར་འགྲོ་སྐྱོད་བྱེད་ཕོད་ཀྱི་མ་རེད། དེར་བརྟེན་པདྨ་དར་རྒྱས་ངག་དབང་གིས་ཨ་རིའི་སྤྱིའི་དམངས་ཀྱི་ཐོབ་ཐང་རྫུན་བཤད་ནས་བླངས་འདུག་ཅེས་བཀོད།།

ཨ་རིའི་གཞུང་གི་ཁྲིམས་གཏུག་ཡིག་ཆའི་ནང་དུ་༢༠༡༤་ལོ་ནས་བཟུང་སྟེ་པདྨ་དར་རྒྱས་ངག་དབང་གིས་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ལས་བྱེད་པ་ཞིག་ལ་འབྲེལ་བ་བཙུགས་འདུག ༢༠༡༨་ལོར་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་གཞན་ཞིག་ལ་འབྲེལ་བ་བཙུགས་ཤིང་། མི་དེ་ངག་དབང་གིས་འབྲེལ་གཏུག་བྱ་ཡུལ་དང་ངག་དབང་ལ་བཀོད་འདོམས་བྱེད་མཁན་དེ་རེད། རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་དེའི་ལས་འགན་ནི་ཨ་རིའི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་གྱི་སྟོབས་ཤུགས་གཅོག་རྒྱུ་དེ་ཡིན་པར་སྣང་། ༢༠༡༤་ལོར་ངག་དབང་གིས་རྒྱ་ནག་དོན་གཅོད་ཁང་ལ་ཁ་པར་དང་འཕྲིན་ཐུང་ཐེངས་༡༠༠་ལྷག་བཏང་འདུག ངག་དབང་གིས་རང་གི་བཀོད་འདོམས་པ་དེར་ཁུ་དབྱིན་སི་ས་ཁུལ་གྱི་བོད་པའི་འདུ་འཛོམས་ཁག་ལ་ཡོང་དགོས་ཞེས་གྲོས་མགོ་བཏོན་འདུག་པར་མ་ཟད། རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་དེ་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པའི་འདུ་འཛོམས་ཁག་ལའང་མཉམ་ཞུགས་བྱས་ནས་ངའི་ཚོའི་རྒྱལ་ཁབ་ཀྱི་འཇམ་སྟོབས་གོང་མཐོར་གཏོང་རྒྱུ་ཡིན་མིན་དྲིས་འདུག་ཅེས་ངག་དབང་གིས་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་དེར་ཁ་པར་བཏང་བ་ཁག་ཅིག་ཡིག་ཐོག་ཏུ་བཀོད་ནས་ཁྲིམས་ཁང་ལ་ཕུལ་འདུག
ངག་དབང་ནི་ནེའུ་ཡོཀ་མངའ་སྡེའི་མཚོ་གླིང་རིང་མོའི་ན་སོ་རྫོང་དུ་འཚོ་གནས་བྱེད་བཞིན་ཡོད་ཅིང་། གཟའ་ཟླ་བའི་ཕྱི་དྲོར་ཁོ་པ་དྲྭ་ལམ་བརྒྱུད་ནས་ཁྲིམས་ཁང་གི་འབོད་འགུགས་ལ་བཅར། ཁོ་པས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོའི་བཀོད་འདོམས་ལྟར་བོད་པ་ཚོས་ལས་འགུལ་ཅི་ཞིག་སྤེལ་གྱི་ཡོད་མེད་རྣམས་ཕྱོགས་བསྡོམས་བརྒྱབ་སྟེ་ནེའུ་ཡོཀ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ལ་སྤྲོད་ཀྱི་འདུག ཁོ་པས་རང་ཉིད་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པ་ཡིན་པའི་གོ་གནས་བེད་སྤྱོད་ལོག་པར་བཏང་སྟེ་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་ཚོ་དང་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོར་འབྲེལ་བ་མཐུད་འདུག ངག་དབང་གིས་ཨ་རིའི་སྤྱི་ཁྱབ་འཛིན་པར་སྔོན་ནས་སྙན་སེང་མ་ཞུས་པར་རྒྱལ་ཁབ་གཞན་གྱི་དོན་དུ་ལས་དོན་བསྒྲུབས་འདུག ཁོ་པས་རྫུན་བཤད་པ་དང་གཞུང་གི་ལས་དོན་སྒྲུབ་ཕྱོགས་ལ་འགོག་རྐྱེན་བཟོས་འདུག་ཅེས་བཀོད།།

ངག་དབང་གི་ཨ་ཕ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཞིག་དང་དམག་མི་ཟུར་པ་ཞིག་ཡིན་ཞིང་། ཁོ་པའི་ཨ་མ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་རྒྱ་གཞུང་གི་ལས་བྱེད་པ་ཟུར་པ་ཞིག་རེད། ངག་དབང་གི་ཕ་མ་གཉིས་དང་སྤུན་མཆེད་ཅིག་བཅས་བཟའ་མི་རྣམས་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་གནས་སྡོད་བྱེད་ཀྱི་འདུག སྤུན་མཆེད་དེ་ནི་རྒྱ་ནག་གི་ཟུར་འཇོག་དམག་མིའི་གྲས་ཤིག་རེད། ༢༠༡༦་ལོར་ངག་གིས་རང་གི་སྤུན་མཆེད་དང་མི་གཞན་ཞིག་གི་མིང་ཐོག་ཏུ་སྒོ་ཕྱེ་ཡོད་པའི་དངུལ་ཁང་གི་བཅོལ་ཁྲ་ཞིག་ལ་ཨ་སྒོར་༡༥༠༠༠༠༠་བཏང་འདུག ངག་དབང་ལ་རྒྱ་ནག་ནས་དངུལ་སྒོར་ལན་མང་འབྱོར་འདུག ཨ་རིའི་མངའ་སྡེ་ཁག་དང་ས་གནས་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་གི་གསང་ཉུལ་ལ་དོགས་ཟོན་བྱ་དགོས། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་ཉེན་རྟོག་པ་རྣམས་འགུགས་ཐབས་བྱེད་ཀྱི་ཡོད་པ་ནི་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་བསྟན། ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་པའི་སྤྱི་ཁྱབ་ཌེར་མོ་ཐེ་ཤི་ཡ་ཡིས་ངག་གིས་སོ་སོའི་ཁས་ལེན་དམ་བཅའ་རྣམས་དང་ཨ་མི་རི་ཀའི་སྒྲིག་ཁྲིམས་ཐམས་ཅད་ལ་རྒྱབ་འགལ་བྱས་པ་རེད། ཨ་རིའི་དབུས་ཞིབ་གཅོད་ལས་ཁང་དང་ནེའུ་ཡོཀ་གྲོང་ཁྱེར་གྱི་ཉེན་རྟོག་ལས་ཁུངས་ཀྱི་གསང་བའི་སྡེ་ཚན་བཅས་པ་མཉམ་འབྲེལ་བྱས་ནས་ངག་དབང་ལ་ཡུན་རིང་ཞིབ་འཇུག་བྱས་པ་ཡིན་ཞེས་བཤད་དོ།།

XS
SM
MD
LG