ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བསྐྱར་ཞུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་སྲིད་གཞུང་གིས་ཕྱི་ཟླ་༢་པའི་ཚེས་༨་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བསྐྱར་ཞུགས་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཨ་མི་རི་ཀ་ལོ་གསུམ་གྱི་སྔོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁོངས་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྣམས་སྲུང་སྐྱོབ་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་རེད་ཅེས་སྐྱོན་བཙུགས། ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཞན་ཆ་དང་སྐྱོན་ཆ་འགའ་ཤས་ཡོད་པ་དོན་དངོས་རེད། ཨ་རི་རྒྱལ་ཚོགས་ཀྱི་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱས་པ་ལས་དེའི་ཁོངས་སུ་མཉམ་བུགས་བྱས་ན་ཕན་ཐོགས་ཆེ་ཞེས་བསྒྲགས།།

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་སླར་ཡང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་འདྲ་མཉམ་གཙོས་ཕྱི་འབྲེལ་སྲིད་ཇུས་ཁག་ལག་ལེན་བསྟར་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་པ་རེད། ཨ་རིའི་ཁས་ལེན་དེར་ལམ་ལྷོངས་འབྱུང་དགོས་ན་མཐའ་མང་རིང་ལུགས་ཀྱི་ཐབས་ལམ་སྤྱོད་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཡིན། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་སྲིད་གཞུང་གིས་གང་མགྱོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབྲེལ་བ་བྱ་དགོས་པའི་ལམ་སྟོན་གནང་སོང་ཞེས་བཤད། ཨ་རིའི་ཕྱི་སྲིད་ལྷན་གཞུང་གི་མགྲིན་ཚབ་པ་ནེ་ཌི་ཕེ་རི་སིས་ཀྱང་རེས་གཟའ་ཟླ་བའི་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བསྐྱར་ཞུགས་བྱེད་འགོ་ཚུགས་ཡོད། ཉིན་དེར་ཨ་རིའི་སྐུ་ཚབ་ཚོགས་པ་ཞིག་ཇཱི་ཎི་ཝྭའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་སྐོང་འཚོགས་གནང་བའི་ཚོགས་འདུར་མཉམ་ཞུགས་བྱས་པ་ཡིན། ད་ལྟ་ཨ་རི་ནི་ཟུར་ཉན་པ་ཞིག་གི་ངོས་ནས་ཚོགས་འཐུས་ཀྱི་ཁོངས་སུ་མཉམ་ཞུགས་བྱས་ཡོད། ཨ་རིའི་སྐུ་ཚབ་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་གཏམ་བཤད་སྤེལ་ཆོག་པར་མ་ཟད། གྲོས་མོལ་ཁག་ལ་མཉམ་ཞུགས་བྱས་ནས་མཐུན་གྲོགས་ཚོར་མཉམ་ལས་བྱེད་ཆོག་ཅེས་བརྗོད་འདུག

༢༠༡༨་ལོར་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཞེས་པའི་རྩ་འཛུགས་དེས་དུས་ཡུན་རིང་པོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཚོར་སྲུང་སྐྱོབ་བྱེད་ཀྱི་འདུག ཆབ་སྲིད་ཀྱི་ཕྱོགས་ལྷུང་ཆེ་བ་དང་ཁྱད་པར་དུ་ཨི་སི་རལ་ལ་ཡུན་རིང་ནས་ཕྱོགས་ལྷུང་ཅན་གྱི་ལྟ་ཚུལ་བཟུང་ཡོད་པ་རེད་ཅེས་ཨ་རི་རྒྱལ་ཁབ་༤༧་གྱི་རྒྱལ་སྤྱིའི་རྩ་འཛུགས་དེའི་ཁོངས་ནས་ཕྱིར་འཐེན་བྱས་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་ཡིན་ན་ལྷན་ཚོགས་དེའི་དབུ་ཁྲིད་ཀྱི་གོ་གནས་སྟོང་པར་ལུས་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ཞན་ཆ་དང་སྐྱོན་ཆ་འགའ་ཤས་ཡོད་པ་དོན་དངོས་རེད། ལྷན་ཚོགས་དེ་ལ་ལེགས་བཅོས་བྱེད་དགོས་ན་ཨ་རི་ལྷན་ཚོགས་དེར་མཉམ་ཞུགས་བྱ་རྒྱུ་ནི་ཐབས་ལམ་ཡག་ཤོས་ཡིན། ཨ་རི་ལྷན་ཚོགས་དེ་ནས་ཕྱིར་འཐེན་བྱས་པ་ཡིན་ན་ལྷན་ཚོགས་དེར་ལེགས་བཅོས་ཀྱི་ཕན་ཐོགས་མེད་པར་མ་ཟད། ལྷན་ཚོགས་དེའི་ཨ་རིའི་དབུ་ཁྲིད་ཀྱི་གོ་གནས་དེ་ཤོར་ཏེ་དེའི་ཚབ་དུ་སྒེར་གཅོད་རྒྱལ་ཁབ་ཁག་གིས་གོ་གནས་འཛིན་རྒྱུའི་ཉེན་ཁ་ཆེ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཞན་ཆ་དང་སྐྱོན་ཆ་འགའ་ཤས་ཡོད་པ་དང་གནད་དོན་དེ་དག་ལ་ལེགས་བཅོས་གཏང་དགོས་རྒྱུ་སོགས་ཤེས་རྟོགས་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེ་འཁོར་སྐྱོད་ཡག་པོ་བྱེད་ཐུབ་ན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྡུག་ཤོས་ཀྱི་རྒྱལ་ཁབ་ཁག་ལ་མི་ཚོས་རང་བཞིན་གྱིས་དོ་སྣང་སླེབས་ཀྱི་རེད། ཨ་རིས་ལྷན་ཚོགས་དེའི་ནང་དུ་མཉམ་ཞུགས་བྱས་ནས་དབུ་ཁྲིད་ཀྱི་ནུས་པ་བཏོན་ནས་ལེགས་བཅོས་གང་ཐུབ་བལྟ་དགོས་ཞེས་བརྗོད་འདུག

ཇཱོ་བྷ་ཌན་གཞུང་འཛིན་ལྷན་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་མཉམ་ཞུགས་བྱ་རྒྱུའི་ཐག་གཅོད་བྱས་པར་སྐྱོན་བརྗོད་པ་འགའ་ཤས་ཀྱིས་ཐག་གཅོད་དེ་ནི་རྒྱ་ནག་དང་ཨུ་རུ་སུ་སོགས་ལྷན་ཚོགས་དེར་ཞུགས་ནས་མུ་མཐུད་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྣང་མེད་བཏང་བ་རེད་ཅེས་བརྗོད། མིག་སྔར་རྒྱ་ནག་དང་ཨུ་རུ་སུ། ཀུ་པ། ཝྭེ་ནེ་ཛུ་ལཱ། ཨི་རི་ཊེ་རི་ཡ་སོགས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་རྒྱལ་ཁབ་ཁག་ལྷན་ཚོགས་དེའི་ཚོགས་འཐུས་རྒྱལ་ཁབ་ཁག་ཏུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཟུར་པ་ཎི་ཀི་ཧེ་ལིས་རེས་གཟའ་ཟླ་བའི་ཉིན་ཊོས་ཊར་དྲྭ་ལམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་འགྲོ་བ་མའི་ཐོབ་ཐང་གི་གནས་སྟངས་ལ་ལེགས་བཅོས་བཏང་ཐུབ་མེད་ཅིང་། ལྷན་ཚོགས་དེས་ཨུ་རུ་སུ་དང་རྒྱ་ནག ཝྭ་ནེ་ཛུ་ལཱ་སོགས་སྒེར་གཅོད་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པར་འགེབ་སྲུང་སྐྱོབ་བྱེད་བཞིན་པ་རེད། ད་ལྟ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨ་རི་སླར་ཡང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཁྲིམས་མཐུན་ཞིག་ལ་ངོས་འཛིན་གནང་བར་བློ་ཕམ་ཆེན་པོ་བྱུང་སོང་ཞེས་འཕྲིན་ཐུང་ཞིག་སྤེལ་འདུག ཨ་རིའི་རྙིང་ཞེན་ཤོག་ཁག་གི་ཉམས་ཞིབ་པ་ཤཱེ་ཧྥེར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་ལེགས་བཅོས་གཏོང་མ་ཐུབ་ན་ལྷན་ཚོགས་དེས་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐག་གཅོད་བྱེད་ཐུབ་རྒྱུ་མ་རེད་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་གིས་ཐེངས་འདིའི་ཇཱོ་བྷ་ཌན་གྱི་ཐག་གཅོད་ལ་མོས་མཐུན་དང་དགའ་བསུ་ཞུས། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་རྒྱ་ནག་ལས་དོན་སྡེ་ཚན་གྱི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་སྲིད་འཛིན་བྷ་ཌན་གྱིས་ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུགས་པ་ཙམ་དུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་ཡོད་ཚད་ལ་ཞུགས་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ལ་རྒྱབ་སྐྱོར་བྱེད་དགོས་པའི་ཐག་གཅོད་བྱས་པ་ནི་གལ་གནད་ཆེན་པོ་ཞིག་རེད། ཁྱད་པར་དུ་དེང་སང་རྒྱ་ནག་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ལྷན་ཚོགས་དེའི་སྟོབས་ཤུགས་ནང་དུ་སིམ་འཛུལ་བྱེད་བཞིན་འདུག དེ་བཞིན་རྒྱལ་སྤྱིའི་སྒྲིག་གཞི་ཁག་ལ་དོ་ཕོག་ཚབས་ཆེན་གཏོང་ཐབས་བྱེད་བཞིན་པའི་སྐབས་འདིར་ཨ་རི་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཡོད་མཁན་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་བྱེད་ཕྱོགས་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་ནུས་པ་འདོན་ས་མང་པོ་ཡོད་པ་རེད་ཅེས་བརྗོད་འདུག གཞན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་རང་གི་མགྲིན་ཚབ་པ་བརྒྱུད་ནས་ཨ་རིའི་ཐག་གཅོད་དེ་ལ་དགའ་བསུ་ཞུས། མི་རིང་བར་ལས་འཛིན་ལྷན་ཚོགས་ཐོག་ཏུ་ཨ་རིའི་སྐད་ཆ་གོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་འདུག ཨ་རིའི་སྤྱི་དམངས་རང་དབང་མནའ་འབྲེལ་གྱིས་ཀྱང་ཇཱོ་བྷ་ཌན་གྱི་ཐག་གཅོད་དེ་ལ་དགའ་བསུ་ཞུས་འདུག རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་དབྱང་ཅན་ལིས་གལ་སྲིད་ཇཱོ་བྷ་ཌན་གཞུང་འཛིན་ལྷན་ཁང་གི་ཐག་གཅོད་དེ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སྐབས་དང་མ་འདྲ་བ་ཞིག་བྱེད་པའི་ཆེད་དུ་ཡིན་ན་ཐག་གཅོད་དེར་དོན་སྙིང་ཆེ། ཨ་རི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ཞུགས་ནས་མནའ་གྲོགས་རྒྱལ་ཁབ་ཁག་ལ་མཉམ་བྱས་ནས་ལྷན་ཚོགས་དེར་ལེགས་བཅོས་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག

XS
SM
MD
LG