ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༨

པ་ར་གྷ་ཡེའི་སྲིད་འཛིན་འོས་བསྡུ་དང་ཐེ་ཝན་ལ་ཕྱི་འབྲེལ་རྒྱུན་འཁྱོངས།


༄༅།། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པ་ར་གྷ་ཡེའི་སྲིད་འཛིན་འོས་འདེམས་སྐབས་སུ་གཞུང་འཛིན་རྙིང་ཞེན་ཚོགས་པར་བསྐྱར་དུ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ། ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་འཛུགས་རྒྱུའི་ཁས་ལེན་བྱས་པ་དོན་འཁྱོལ་མ་བྱུང་། ཕྱི་ཟླ་༥་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་སྲིད་འཛིན་འོས་འདེམས་ཀྱི་འོས་ཤོག་བརྒྱ་ཆ་༩༩་ལྷག་གྲངས་བཤེར་བྱས་ཟིན་ཡོད་ཅིང་། པ་ར་གྷ་ཡེའི་གཞུང་འཛིན་ཚོགས་པའི་འོས་མི་པེ་ན་ལ་འོས་ཤོག་བརྒྱ་ཆ་༤༣་དང་ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེ་ལ་འོས་ཤོག་བརྒྱ་ཆ་༢༧་ཐོབ། པ་ར་གྷ་ཡེའི་གྲོས་ཚོགས་གོང་འོག་གི་འཐུས་མི་འོས་འདེམས་སྐབས་སུའང་གཞུང་འཛིན་རྙིང་ཞེན་ཚོགས་པར་གྲོས་ཚོགས་གོང་མའི་འཐུས་༤༥་དང་གྲོས་ཚོགས་འོག་མའི་འཐུས་མི་༨༠་ཐོབ། སྲིད་འཛིན་ལས་ཐོག་བྷེ་ནེ་ཐེ་ཛེས་འདེམས་ཐོན་སྲིད་འཛིན་པེ་ན་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུས། ད་ཐེངས་ཀྱི་འོས་འདེམས་འདིར་པ་ར་གྷ་ཡེའི་མི་དམངས་ཤུགས་ཆེན་པོ་མཉམ་ཞུགས་བྱས་པར་རྗེས་སུ་ཡི་རང་ཡོད་ཅེས་སྤྱི་ཚོགས་དྲྭ་ལམ་དུ་བསྔགས་བརྗོད་ཀྱི་འཕྲིན་ཐུང་ཞིག་སྤེལ།།

ད་ལོའི་ཕྱི་ཟླ་༨་པའི་ཚེས་༡༥་ཉིན་འདེམས་ཐོན་སྲིད་འཛིན་པེ་ནས་ལས་ཁུར་དམ་བཅའ་འཇོག་དགོས་ཤིང་། ཁོང་གིས་ང་ཚོས་མི་སྒེར་པ་ཞིག་ལ་རྒྱལ་ཁ་ཐོབ་པའི་དགའ་སྟོན་བྱེད་ཀྱི་མེད། པ་ར་གྷ་ཡེའི་མི་དམངས་ཀྱིས་འོས་ཤོག་འཕངས་ནས་སྤྱི་ཚོགས་ཞི་བདེ་དང་གྲོས་མོལ། ཕུ་ནུའི་འདུ་ཤེས་དང་རྒྱལ་ཡོངས་འཆམ་མཐུན་གྱི་རྒྱལ་ཁ་ཞིག་ལ་དགའ་སྟོན་བྱེད་ཀྱི་ཡོད། པ་ར་གྷ་ཡེ་ཁྲི་ལོ་བརྟན་པར་ཤོག གཞུང་འཛིན་ཀོ་ལོ་ར་ཌོ་ཚོགས་པ་ཁྲི་ལོ་བརྟན་པར་ཤོག་ཅེས་རང་གི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱས་འདུག ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེས་ཀྱང་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱུང་། ཁོང་གིས་དེ་རིང་གི་འོས་བསྡུའི་གྲུབ་འབྲས་ལ་གཞིགས་ན་ང་ཚོས་དཀའ་ངལ་བརྒྱབ་པ་དེས་འདང་མེད་པར་སྣང་། ང་ཚོར་པ་ར་གྷ་ཡེ་བ་མང་ཆེ་བས་སྲིད་གཞུང་ལ་འགྱུར་བ་གཏོང་དགོས་པའི་རེ་ལྟོས་བཅངས་པའི་དམིགས་ཡུལ་མ་གྲུབ་པ་རེད་ཅེས་རང་གི་རྒྱལ་སྐྱོར་བ་ཚོར་གཏམ་བཤད་བྱས་འདུག ༡༩༤༧་ནས་པ་ར་གྷ་ཡེའི་རྙིང་ཞེན་ཚོགས་པས་སྲིད་དབང་བཟུང་བ་དང་ལོ་འདིའི་འོས་བསྡུའི་སྐབས་སུ་ཕྱོགས་འགལ་ཚོགས་པར་རྒྱལ་ཁ་ཐོབ་སྲིད་པའི་རྣམ་པ་ཞིག་ཐོན།།

ཕྱི་ཟླ་༥་པའི་ཚེས་༡་ཉིན་ཐེ་ཝན་གྱི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་སྲིད་འཛིན་གཞོན་པ་ལེ་ཆིང་ཏེ། པ་ར་གྷ་ཡེར་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པ་ཧན་ཊི་ཀྲིང་བཅས་ཀྱིས་འདེམས་ཐོན་སྲིད་འཛིན་པེ་ན་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས། ཐེ་ཝན་དང་པ་ར་གྷ་ཡེའི་འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་ཀྱི་གཞི་རྩའི་ཐོག་ཏུ་ཐེ་ཝན་དང་པ་ར་གྷ་ཡེའི་མཛའ་འབྲེལ་ཚུགས་ཡོད་པ་རྒྱུན་འཁྱོངས་དང་སྲ་བརྟན་གཏོང་དགོས། པ་ར་གྷ་ཡེའི་སྲིད་གཞུང་གསར་པ་དང་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་འཆར་ཡོད་ཅེས་བསྒྲགས། པ་ར་གྷ་ཡེའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་སྐབས་སུ་ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེས་ང་ཚོས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ནས་གྱོང་རག་གི་འདུག པ་ར་གྷ་ཡེས་རྒྱ་ནག་ལ་འབྲེལ་བ་བཙུགས་ན་གོ་སྐབས་མང་བ་དང་ཁེ་ཕན་ཆེ་བ་འདུག་ཅེས་བསྟན།།

གཟའ་ཟླ བའི་ཉིན་ཐེ་ཝན་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ར་གྷ་ཡེ་རྒྱལ་ཁབ་ལ་མི་འབོར་ས་ཡ་༧.༢༥་ཡོད་པ་དེའི་ཁོངས་ནས་མི་གྲངས་ས་ཡ་ལྔས་འོས་ཤོག་འཕེན་རྒྱུའི་མིང་ཐོ་བཀོད། འདེམས་ཐོན་སྲིད་འཛིན་པེ་ན་ནི་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གི་དཔལ་འབྱོར་རིག་པ་བ་ཞིག་ཡིན་འདུག ཁོང་གིས་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་འགུགས་ཐབས་དང་དཔྱ་ཁྲལ་བཅག ཕྱི་རྒྱལ་ལ་སྒྲུབ་འཇལ་དགོས་པའི་བུ་ལོན་ཉུང་འཕྲི་དང་ཐེ་ཝན་ལ་ཕྱི་འབྲེལ་རྒྱུན་འཁྱོངས་བྱ་རྒྱུའི་ཁས་བླངས། པ་ར་གྷ་ཡེའི་ཕྱོགས་འགལ་ཚོགས་པས་ལྐོག་ཟ་རུ་སུངས་ལ་ངོ་རྒོལ་དང་མི་དམངས་ཀྱི་འཕྲོད་བསྟེན་ལྟ་སྐྱོང་། ཤེས་ཡོན་སློབ་གསོ་འཐུས་ཤོར་ཕྱིན་འདུག ལྷག་པར་དུ་ཏོག་དབྱིབས་ནད་ཡམས་དུས་སུ་འཕྲོད་བསྟེན་དང་ཤེས་ཡོན་སློབ་གསོའི་ལམ་ལུགས་སྦོ་ལུག་སོང་ཞེས་སྲིད་གཞུང་གི་སྐྱོན་ཆ་རྣམས་ཐེར་འདོན། པ་ར་གྷ་ཡའི་དཔལ་འབྱོར་ཉམས་རྒུད་དང་ཐ་ཞན་གྱི་གནས་སུ་ལྷུང་མེད་ཀྱང་མི་མང་དབུལ་ཕོངས་ཇི་སྙེད་ཅིག་གིས་དཀའ་ངལ་མྱོང་བཞིན་པའི་གནས་ཚུལ་ཐོན་འདུག

པ་ར་གྷ་ཡེའི་ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་མེད་པས་མ་འོངས་པའི་ལོ་ལྔའི་རིང་ཐེ་ཝན་ལ་ཕྱི་འབྲེལ་གཅོད་རྒྱུའི་ཉེན་ཁ་མེད་པར་གྱུར། ཉེ་ཆར་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཧུན་དྷུ་ར་སིའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་ལ་འབྲེལ་བ་བཙུགས་པའི་རྗེས་སུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་༡༣་ལས་ལུས་མེད་པར་མ་ཟད། ༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་འགོ་ཁྲིད་ཚེ་དབྱིན་ཝེན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་གིས་རྒྱལ་ཁབ་འགའ་ཞིག་ལ་དཔལ་འབྱོར་རོགས་རམ་དང་ཚོང་ལས་ཀྱི་ཁེ་ཕན། ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་ནས་ཐེ་ཝན་ལ་ཕྱི་འབྲེལ་གཅོད་དུ་བཅུག་སྟེ་རྒྱ་ནག་ལ་འབྲེལ་བ་ཚུགས། ཐེ་ཝན་དང་པ་ར་གྷ་ཡེ་གཉིས་ཀྱིས་༡༩༥༧་ལོ་ནས་ཕྱི་འབྲེལ་བཙུགས། པ་ར་གྷ་ཡེའི་འདེམས་ཐོན་སྲིད་འཛིན་པེ་ནས་ང་ཚོས་དམངས་གཙོའི་ལྟ་གྲུབ་ཐོག་ཏུ་ཐེ་ཝན་ལ་འབྲེལ་བ་བཙུགས་ནས་ལོ་༦༠་ལྷག་འགྲོ་བཞིན་ཡོད། དམངས་གཙོའི་ལྟ་གྲུབ་ནི་པ་ར་གྷ་ཡེའི་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་ཞེས་གཏམ་བཤད་བྱས་འདུག

སྲིད་དོན་ཉམས་ཞིབ་པ་སི་བྷ་སི་ཤན་ཨ་ཆས་བཤད་པ་ལྟར་ན། པ་ར་གྷ་ཡའི་འོས་བསྡུའི་གྲུབ་འབྲས་དེ་སུ་གཅིག་གིས་ཀྱང་སྔོན་དཔག་མ་ཐུབ། ཐ་ན་པ་ར་གྷ་ཡེའི་གཞུང་འཛིན་ཚོགས་པས་ཀྱང་འོས་བསྡུའི་གྲུབ་འབྲས་ཚོད་དཔག་མ་ཐུབ། འོས་ཤོག་མང་ཉུང་གི་ཁྱད་པར་ཐོག་ཏུ་འདེམས་ཐོན་སྲིད་འཛིན་པེ་ན་རྩོད་མེད་ཀྱི་སྲིད་འཛིན་ཞིག་ཏུ་འགྱུར་ཤས་ཆེ། ༢༠༢༣་ལོའི་པ་ར་གྷ་ཡེའི་སྲིད་འཛིན་འོས་འདེམས་ལ་འོས་མི་༡༣་འགྲན་ཞུགས་བྱས་ཏེ་འོས་ཤོག་མང་ཤོས་ཐོབ་མཁན་དེ་སྲིད་འཛིན་ལ་འགྱུར་རྒྱུ་ཡིན་འདུག སྲིད་འཛིན་ཟུར་པ་ཁར་ཏེ་སིས་འདེམས་ཐོན་སྲིད་འཛིན་པེ་ན་ལ་ང་ནི་སྐུ་ཉིད་ལ་གོ་ཆོད་པའི་མི་ཞིག་ཏུ་འགྱུར་འདོད་ཡོད། ཀོ་ལོ་ར་ཌོ་གཞུང་འཛིན་ཚོགས་པ་སྐུ་ཉིད་ལ་གོ་ཆོད་པ་ཞིག་ཏུ་འགྱུར་རྒྱུ་ཁག་ཐེག་བྱེད་ཆོག་ཅེས་རྟེན་འབྲེལ་ཞུས། ༢༠༡༣་ནས་༢༠༡༨་བར་དུ་ཁར་ཏེ་སིས་སྲིད་དབང་བཟུང་བ་དང་སྐབས་དེར་པེ་ན་རྒྱལ་ཁབ་དེའི་ནོར་སྲིད་བློན་ཆེན་ཡིན་འདུག ཕྱོགས་འགལ་ཚོགས་པས་འདེམས་ཐོན་སྲིད་འཛིན་པེ་ནའི་རྒྱབ་ལོགས་སུ་ཁར་ཏེ་སིས་སྲིད་དབང་འཛིན་གྱི་ཡོད་པ་རེད་ཅེས་སྙད་བཏགས།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱི་སྲིད་འཛིན་ལུ་ལས་པ་ར་གྷ་ཡེའི་འདེམས་ཐོན་སྲིད་འཛིན་པེ་ན་ལ་རྟེན་འབྲེལ་ཞུས། ཁོང་གིས་སྐུ་ཉིད་ལ་མི་དམངས་ཀྱིས་དབང་ལུང་བསྐུར་བར་དགའ་བསུ་ཡོད། ང་ཚོས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་གི་ཡར་རྒྱས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཐད་ཤུགས་སྣོན་རྒྱག་དགོས་ཞེས་འཕྲིན་ཐུང་སྤེལ། ཨ་རིའི་འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ལཱ་ཊིན་ཨ་མི་རི་ཀ་ཞིབ་འཇུག་ཁང་གི་སྲིད་དོན་ཚན་རིག་གི་སློབ་དཔོན་བྷ་རུན་གྱིས་སྲིད་འཛིན་ཟུར་པ་ཁར་ཐེ་སི་གཞུང་འཛིན་ཀོ་ལོ་ར་ཌོ་ཚོགས་པར་དངུལ་སྒོར་འགྲོ་གྲོན་སྤྲོད་མཁན་གཙོ་བོ་ཞིག་རེད། ཨ་རིའི་གཞུང་གིས་ཁར་ཏེ་སི་ལ་ལྐོག་ཟ་རུལ་སུངས་དང་ཧི་ཛི་བྷུ་ལ་འཇིགས་སྐུལ་ཚོགས་པར་འབྲེལ་བ་འདུག་ཅེས་ནག་ཉེས་བཀལ། ཨ་མི་རི་ཀས་ཁར་ཏེ་སི་ལ་ཉེས་ཆད་བཅད་ནས་པ་ར་གྷེ་ཡའི་གཞུང་འཛིན་ཚོགས་པར་དངུལ་སྒོར་རོགས་རམ་སྤྲོད་རྒྱུ་འགོག་ཐབས་བྱས་འདུག་ཅེས་བཀྲལ།།

ཕྱི་ཟླ་༤་པའི་ཚེས་༢༨་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ར་གྷ་ཡའི་སྲིད་འཛིན་འོས་བསྡུ་དེ་རྒྱལ་སྤྱིའི་གནད་དོན་ཞིག་མིན་མོད། འོན་ཀྱང་ལོ་འདིའི་པ་ར་གྷ་ཡའི་སྲིད་འཛིན་འོས་འདེམས་ནི་ཨ་རི་དང་རྒྱ་ནག་གི་ས་ཁམས་རྩོད་གཞིའི་འགྲན་སྡུར་ཞིག་ཏུ་གྱུར། པ་ར་གྷ་ཡེ་འཛམ་གླིང་གི་སྲན་དཀར་དང་སྐམས་ཤ་ཕྱིར་ཚོང་རྒྱལ་ཁབ་གཙོ་གྲས་ཤིག་ཡིན་ཞིང་། ཉེ་ཆར་རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པའི་འོས་མི་ཨ་ལེ་གྷ་རེས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ན་སྲན་དཀར་དང་སྐམས་ཤའི་ཁྲོམ་ར་རྒྱ་ཆེ་བ་འདུག ང་ཚོས་བློས་གཏོང་བྱས་པ་ལྟར་ཐེ་ཝན་གྱིས་བློས་གཏོང་བྱེད་ཀྱི་མི་འདུག ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ནས་པ་ར་གྷ་ཡེར་ཁེ་ཕན་ཐོབ་མི་འདུག་ཅེས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་པ་ན་མ་དང་ཨལ་ས་ཝ་ཌོར། ཌོ་མཱི་ནི་ཁན་སྤྱི་མཐུན་རྒྱལ་ཁབ་དང་ཧུན་དྷུ་ར་སི་བཅས་ལ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་གཅོད་དུ་བཅུག ད་ལོའི་ཕྱི་ཟླ་༦་པའི་ནང་དུ་གུ་ཊ་མ་ལའི་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པས་ཐེ་ཝན་གྱིས་སླར་ཡང་བློ་འཚབ་བྱ་དགོས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG