ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་ཉི་ཐེ་གསུམ་གྱིས་བདེ་འཇགས་གྲོས་མཐུན་འཇོག་པའི་དུས་ཚོད་རེད་ཟེར། 


༄༅།། ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཉི་ཧོང་གི་རྒྱབ་སྐྱོར་མེད་པར་ཨ་མི་རི་ཀས་རྒྱ་ནག་གི་བཙན་འཛུལ་འགོག་དཀའ་ཞིང་། ཉི་ཧོང་ལ་རང་གི་བདེ་འཇགས་སྲུང་དོབ་དོན་དུ་ཐེ་ཝན་རྒྱ་ནག་གི་དབང་བསྒྱུར་འོག་ལ་ཚུད་དུ་འཇུག་འདོད་མེད། དེས་ན་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་གྱིས་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་གྲོས་མཐུན་འཇོག་པའི་དུས་ལ་བབ་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱས་འདུག ཕྱི་ཟླ་༤་པའི་ཚེས་༢༧་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་ལ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་དེ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཀྱང་ཉི་ཧོང་གཅིག་པུས་བསྒྲུབ་མི་ཐུབ། ཉི་ཧོང་གིས་བཞི་འབྲེལ་བདེ་འཇགས་འབྲེལ་མོལ་ཏེ། རྒྱ་གར་དང་ཉི་ཧོང་། ཨ་རི་དང་ཨོ་གླིང་བཅས་ཀྱི་མཐུན་ཚོགས་དང་སུམ་འབྲེལ་འཐབ་ཇུས་གྲོས་མོལ་ཏེ། ཨ་རི་དང་ཨོ་གླིང་། ཉི་ཧོང་གསུམ་གྱི་འཐབ་ཇུས་གྲོས་མོལ་ཟབ་ཏུ་བཏང་སྟེ་ཨ་དབྱིན་ཨོ་གསུམ་གྱི་བདེ་འཇགས་མཉམ་འབྲེལ་གྲོས་མཐུན་སོགས་ལ་ཞུགས་ན་མངའ་ཁུལ་དེར་ཞི་བདེ་བསྐྲུན་ཐུབ་ཅེས་གནས་ཚུལ་སྤེལ་འདུག

ཉམས་ཞིབ་པ་ཁག་ཅིག་གིས་ཨོ་གླིང་གི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱིས་མཉམ་འབྲེལ་གྲོས་མཐུན་བཞག་པ་ལྟར་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་གྱིས་ཀྱང་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་གྲོས་མཐུན་འཇོག་དགོས་པའི་བསམ་ཚུལ་བཏོན། ཉེ་ཆར་ཞི་བདེ་རྒྱ་མཚོའི་གླེང་སྟེགས་ཁང་གིས་ཐེ་ཝན་ཤོར་བའི་གཞུག་གི་འཛམ་གླིང་ཞེས་རྩོམ་ཡིག་ཕྱོགས་སྒྲིག་ཅིག་སྤེལ། རྩོམ་ཡིག་ཕྱོགས་སྒྲིག་དེར་མངའ་ཁུལ་དེའི་རྒྱལ་ཁབ་ཁག་གིས་དོ་སྣང་ཆེན་པོ་བྱུང་། ཉམས་ཞིབ་པ་ཌེ་ཝི་ཌི་སན་ཏོ་རོ་(David Santoro)་དང་རལ་ཧྥུ་ཀོ་ས་(Ralph Cossa)་སོགས་མཁས་པ་ཚོས་ཐེ་ཝན་རྒྱ་ནག་ལ་མ་ཤོར་བར་སོར་གནས་ཐུབ་དགོས། ཨ་རི་དམག་དོན་ཐོག་ཏུ་ཐེ་ཝན་གྱི་རྒྱབ་སྐྱོར་བ་བླ་ན་མེད་པ་ཡིན་པ་ནི་བརྗོད་ཅི་དགོས། ༡༩༧༩་ལོར་ཨ་རིས་གཏན་ལ་ཕབ་པའི་ཁྲིམས་ཡིག་ནང་དུ་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་གི་མཚོན་ཆ་བཙོང་དགོས་ཞེས་འཁོད། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་གཞུང་ཚང་མས་ཁྲིམས་ཡིག་དེ་ལག་ལེན་བསྟར་པ་རེད་ཅེས་བསྟན།།

ཨེ་ཤི་ཡའི་དུས་བབ་ཚགས་པར་གྱིས་རྩོམ་ཡིག་ཕྱོགས་སྒྲིག་དེའི་ནང་དུ་མཁས་པ་ཚོས་ཉི་ཧོང་གི་རྒྱབ་སྐྱོར་མེད་པར་ཨ་མི་རི་ཀས་ཐེ་ཝན་ལ་དམག་དྲངས་ནས་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་རྒྱུ་ཤིན་ཏུ་དཀའ། ཐོག་མ་དེར་ཨ་མི་རི་ཀར་ཐེ་ཝན་གྱི་ཉེ་འཁྲིས་སུ་དམག་སྒར་མེད་པས་དམག་དཔུང་གཏོང་མི་ཐུབ། ཞི་བདེ་རྒྱ་མཚོ་ནང་གི་གྭམ་མཚོ་གླིང་ནི་ཨ་རིའི་ས་ཆ་ཡིན་པས་དེ་ནས་དམག་དཔུང་གཏོང་ཆོག དེ་བཞིན་ཧྥི་ལི་པིན་གྱིས་ཀྱང་རང་གི་ས་ཐོག་ཏུ་ཨ་མི་རི་ཀར་དམག་སྒར་༤་འཛུགས་ཆོག་པའི་འཁྲལ་ཆ་སྤྲད། ཡིན་ནའང་ཐེ་ཝན་དང་བར་ཐག་ཉེ་ཤོས་ནི་ཉི་ཧོང་གི་ཨོ་ཀི་ན་ཝ་རེད། ཨོ་ཀི་ན་ཝ་གླིང་ཕྲན་གྱི་ཀ་ཌེ་ན་དམག་གི་གནམ་ཐང་ནས་ཨ་རིའི་དམག་འཐབ་གནམ་གྲུ་ཁག་ལ་བར་སྣང་དུ་སྣུམ་ལྡུག་མ་དགོས་པར་ཕར་སྐྱོད་ཚུར་ལོག་བྱེད་ཐུབ་པས་ཐེ་ཝན་གྱི་སྲུང་སྐྱོབ་ལ་ཕན་ཐོགས་ཆེ། ཨ་རི་དང་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་མཉམ་འབྲེལ་གྱི་ཆིངས་ཡིག་དེའི་དོན་ཚན་༦་པར་རྒྱང་ཤར་ཨེ་ཤི་ཡའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་དོན་དུ་ཉི་ཧོང་གིས་རང་གི་ས་ཆ་རྣམས་ཨ་མི་རི་ཀར་བཀོལ་སྤྱོད་བྱེད་དུ་འཇུག་དགོས་ཞེས་བཀོད་ཡོད་པ་རྣམས་ལུང་དྲངས།།

ཞི་བདེ་རྒྱ་མཚོའི་གླེང་སྟེགས་ཁང་གི་རྩོམ་ཡིག་ཕྱོགས་སྒྲིག་དེར་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ནི་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་འདུག་ཅེས་འཁོད་ཡོད་པར་མ་ཟད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐེ་ཝན་བླངས་པའི་རྗེས་སུ་ཉི་ཧོང་གི་ཨོ་ཀི་ན་ཝ་གླིང་ཚོམ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་འཕྲད་རྒྱུ་ཟློག་ཐབས་བྲལ། ཨོ་ཀི་ན་ཝ་གླིང་ཚོམ་གྱི་ནུབ་མཐའི་གླིང་ཕྲན་ཡོ་ན་གུ་ཎི་ཞེས་པ་དེ་ཐེ་ཝན་ལ་རྒྱང་ཐག་དབྱིན་ལེ་༧༠་ལས་མི་འདུག ༢༠༡༦་ནས་གླིང་ཕྲན་དེའི་ཐོག་ཏུ་ཉི་ཧོང་གི་རང་སྲུང་དམག་སྒར་ཚུགས། ཕྱི་ལོ་དེར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཨ་རིའི་དམག་དཔུང་བཀོད་འདོམས་པ་ཧེ་རི་ཧ་རི་སི་(Harry Harris)དང་ཉི་ཧོང་གི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་(Katsutoshi Kawano)ཀ་ཝ་ནོ་གཉིས་དམག་སྒར་གསར་པ་དེར་གཟིགས་ཞིབ་ཏུ་བསྐྱོད། སྲིད་བློན་ཤིན་ཛོ་ཨ་བྷེས་༢༠༢༡་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཐེ་ཝན་ལ་ལེགས་ཉེས་ཅི་ཞིག་བྱུང་ཡང་དེ་ནི་ཉི་ཧོང་ལ་བྱུང་བ་དང་གཅིག་མཚུངས་ཡིན་ཞེས་ནན་བརྗོད་བྱས་ཤིང་། སྲིད་བློན་ཟུར་པ་ཨ་བྷེ་བཀྲོངས་པའི་སྐབས་སུ་ཐེ་ཝན་པ་མང་ཆེ་བས་མྱ་ངན་ཞུས།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གཞུང་གིས་ཝ་ཤིང་ཊོན་དང་ཊོག་ཀི་ཡོའི་འབྲེལ་བའི་ནང་དུ་ཐེ་ཝན་གནད་དོན་གལ་ཆེན་ཞིག་ཏུ་སྒྱུར་ཐབས་སུ་འབད། ༢༠༠༥་ལོའི་ཕྱི་ཟླ་༢་པའི་ནང་དུ་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་དྲུང་ཆེ། ཉི་ཧོང་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་གཉིས་བཅས་བློན་ཆེན་བཞིའི་གྲོས་མོལ་ཚོགས་འདུའི་ཐོག་ཏུ་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྱབ་ཁོངས་སུ་ཐེ་ཝན་མཚོ་འགག་ཚུད་ཡོད་པ་མངོན་གསལ་བྱུང་ཞིང་། ༢༠༡༡་ལོར་སླར་ཡང་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་། ཉི་ཧོང་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་བཞིའི་ཚོགས་འདུའི་ཐོག་ཏུ་ཨ་རི་དང་ཉི་ཧོང་གི་འབྲེལ་བ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས། མཚོ་འགག་ཕྱོགས་གཉིས་ཀྱི་རྩོད་གཞི་རྣམས་གྲོས་མོལ་གྱི་ལམ་ནས་སེལ་དགོས་ཞེས་གསལ་བསྒྲགས་སྤེལ། ༢༠༢༡་ལོའི་ཕྱི་ཟླ་༤་པར་སྲིད་བློན་སུ་གྷ་(Yoshihide Suga)་ཨ་རིར་མཚམས་འདྲིར་ཕེབས་པའི་སྐབས་སུ་སྲིད་འཛིན་བྷ་ཌན་དང་མཉམ་དུ་སྤེལ་བའི་གསལ་བསྒྲགས་ནང་དུ་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་དགོས་ཞེས་བཀོད།།

ཕྱི་ཟླ་༤་པའི་ཚེས་༥་ཉིན་ཉི་ཧོང་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉི་ཧོང་གིས་རྒྱ་ནག་ལ་དམིགས་ནས་ལྟ་བ་དང་ལམ་ལུགས་མཐུན་པའི་རྒྱལ་ཁབ་ཁག་ལ་དམག་དོན་རོགས་སྐྱོར་མང་དུ་གཏོང་རྒྱུའི་ཐག་བཅད། ༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ནང་དུ་ཕྱི་སྲིད་ལྷན་ཁང་གིས་ཉི་ཧོང་ནི་ཞི་བདེར་གནས་པའི་རྒྱལ་ཁབ་ཅིག་ཡིན་པའི་རྩ་དོན་མ་དོར་བར་རྒྱལ་སྲུང་འཐབ་ཇུས་ལ་འགྱུར་བཅོས་གཏོང་དགོས། ཉི་ཧོང་གིས་ཟླ་གྲོགས་རྒྱལ་ཁབ་ཁག་ལ་དམག་དོན་ཡོ་བྱད་དང་མཐུན་རྐྱེན་མཁོ་སྒྲུབ། དམག་སྒར་འཛུགས་སྐྲུན་བཅས་ཀྱི་འགྲོ་གྲོན་རྣམས་བསྐྱིས་པ་མིན་པར་རོགས་སྐྱོར་སྤྲོད་རྒྱུ་ཡིན། ཧྥི་ལིན་པིན་དང་མ་ལེ་ཤི་ཡ། བངྒ་ལ་དང་ཧྥི་ཇཱི་རྣམས་རོགས་སྐྱོར་ཐེངས་དང་པོ་སྤྲོད་ཡུལ་ཁོངས་སུ་འཇུག་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད། དམག་དོན་རོགས་སྐྱོར་འདིའི་དགོས་པ་ནི་ཉི་ཧོང་གི་བདེ་འཇགས་སྲུང་སྐྱོབ་ལ་དགེ་མཚན་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུའི་ཆེད་དུ་ཡིན་ཞེས་བསྒྲགས། ཟླ་བ་རྗེས་མར་ཉི་ཧོང་གི་བློན་ཆེན་ལྷན་ཁང་གིས་རྒྱལ་ཁབ་གང་གང་ལ་དམག་དོན་རོགས་རམ་སྤྲོད་དགོས་མིན་མཐའ་མའི་ཐག་གཅོད་བྱ་རྒྱུའི་གནས་ཚུལ་ཐོན་འདུག

ཉི་ཧོང་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ཉི་ཧོང་ལ་རྒྱ་ནག་གིས་དམག་བརྒྱབ་སྟེ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་བློ་འཚབ་ཆེ་རུ་སོང་། ཡུཀ་རེན་གྱི་དམག་འཁྲུག་རྗེས་སུ་ཉི་ཧོང་གི་རྒྱལ་སྲུང་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས། ༢༠༢༣་ལོར་ཉི་ཧོང་གིས་ཨ་སྒོར་དུང་ཕྱུར་༤༢༧་ལྷག་ཕྱིའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་དང་སྤྱི་ཚོགས་འཕེལ་རྒྱས་གྱི་རོགས་སྐྱོར་སྤྲོད་ཀྱི་ཡོད་པ་དེའི་ཐོག་ཏུ་ཨ་སྒོར་ས་ཡ་བཅོ་ལྔའི་དམག་དོན་རོགས་རམ་བསྣན། འདས་པའི་ལོ་མང་རིང་ཉི་ཧོང་གིས་མཚོན་ཆ་དང་དམག་དོན་གྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུར་འཛེམ་ཟོན་བྱས་ཀྱང་ཉེ་དུས་ཤིག་ནས་ཉི་ཧོང་གི་མཚོ་ཁོངས་སྲུང་སྐྱོབ་ཀྱི་མཚོན་ཆ་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལེགས་བཅོས། ཕྱི་ལ་དམག་དོན་ཡོ་བྱད་རོགས་རམ་སྤྲོད་རྒྱུ་མང་དུ་བཏང་སྟེ་བདེ་འཇགས་སྲུང་སྐྱོབ་གཙིགས་འཛིན། ཧྥི་ལིན་པིན་ནི་ཧོང་ཀོང་གི་བདེ་འཇགས་སྲུང་སྐྱོབ་ཀྱི་ཟླ་གྲོགས་གསར་པ་ཞིག་ཏུ་གྱུར་སྲིད་ཅེས་གནས་ཚུལ་སྤེལ།།

ཕྱི་ཟླ་༤་པའི་ཚེས་༤་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥི་ལི་པིན་གྱི་གཞུང་གིས་རང་གི་ས་ཐོག་ཏུ་ཨ་མི་རི་ཀར་དམག་སྒར་གསར་པ་༤་འཛུགས་ཆོག་པའི་ས་ཆ་གཡར། དམག་སྒར་བཞིའི་ནང་གི་གསུམ་ནི་ལུ་ཛོན་གླིང་ཕྲན་ཐོག་ཏུ་ཡོད་ཅིང་། དེ་ནི་ཐེ་ཝན་ལ་བར་ཐག་ཉེ་པོ་ཡོད་པ་དང་རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དྲག་རྩུབ་བཀོལ་རྒྱུ་ཤུགས་ཆེ་རུ་ཕྱིན་པའི་རྗེས་སུ་ཨ་མི་རི་ཀས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་བདེ་འཇགས་སྲུང་སྐྱོབ་རྒྱ་བསྐྱེད། ༢༠༡༤་ལོར་ཨ་རི་དང་ཧྥི་ལི་པིན་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་མཐུན་བཞག་པ་ལྟར་ཧྥི་ལིན་ཕིན་གྱི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་སྒར་གསར་པ་བཞི་ཚུགས། དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོབ་དང་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་འགྲེལ་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་ཧྥི་ལི་པིན་གྱི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་སྒར་མང་དུ་གཏོང་གི་ཡོད་པ་ནི་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སིངྒ་པུར་གྱི་ར་ཇ་ར་ཏ་ནམ་རྒྱལ་སྤྱིའི་འབྲེལ་ལམ་ཞིབ་འཇུག་ཁང་གི་ཉམས་ཞིབ་ཀོ་ལིན་ཀཱོས་ཧྥི་ལིན་པེན་གྱི་བྱང་ཕྱོགས་སུ་ཆགས་པའི་གླིང་ཚོམ་ཐོག་ཏུ་ཨ་མི་རི་ཀའི་དམག་སྒར་འཛུགས་ཀྱི་ཡོད་པ་ནི་ཐེ་ཝན་ལ་དམིགས་ཡོད་པ་བརྗོད་ཅི་དགོས། ད་དུང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་འཁྲུག་རྩོད་ལངས་ཀྱང་དམག་སྒར་དེ་དག་ཉེ་འཁྲིས་སུ་ཆགས་ཡོད་པ་རེད། ཨ་རི་དང་ཧྥི་ལིན་པིན་གཉིས་ཀྱིས་དམག་སྒར་གསར་པ་དེ་རྣམས་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལང་སྲིད་པར་བསམ་བློ་བཏང་ནས་བཙུགས་པ་མིན་ཞེས་འགྲེལ་བཤད་ཇི་ལྟར་བརྒྱབ་ཀྱང་མི་རྣམས་ཡིད་ཆེས་པ་ཞིག་མི་འབྱུང་། བྷ་ལ་བྷག་གླིང་ཕྲན་ཐོག་ནས་གསང་བའི་གནས་ཚུལ་བསྡུ་རབ་དང་ཞི་བའི་དུས་སྐབས་སུ་གནམ་མཚོ་གཉིས་ལས་འགྲིམ་འགྲུལ་དང་སྐྱེལ་གྱི་ལས་དོན་སྒྲུབ་ཆོག རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བརྒྱ་ཆ་༩༠་ལྷག་གི་བདག་དབང་བརྩད་ནས་གླིང་ཕྲན་གསར་པ་འཛུགས་སྐྲུན། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ཚེ། ཨ་མི་རི་ཀས་ཐེ་ཝན་ལ་སྲུང་སྐྱོབ་བྱས་ནས་ཉི་ཧོང་དང་ཨོ་གླིང་། ལྷོ་ཀོ་རི་ཡ་དང་ཧྥི་ལིན་ཕིན་རྣམས་དམག་འཁྲུག་དེར་ཚུད། ཐ་ན་ནུབ་ཆིངས་ཀྱང་ཨ་རིའི་རྒྱབ་རྩར་ལངས་ཏེ་འཛམ་གླིང་དམག་ཆེན་གསུམ་པ་ལང་སྲིད་པའི་ཉེན་ཁ་ཆེན་པོ་འདུག་ཅེས་གནས་ཚུལ་ཐོན་འདུག

XS
SM
MD
LG