ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

 ཡུ་རོབ་ཀྱིས་ཐེ་ཝན་མཚོ་འགག་ཏུ་དམག་གྲུ་གཏོང་དགོས་པའི་ནན་སྐུལ། 


༄༅།། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་དང་བདེ་འཇགས་སྲིད་ཇུས་ཀྱི་སྐུ་ཚབ་ཇཱོ་སེབ་བྷོ་རེལ་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་གྲུ་བཏང་ནས་ཐེ་ཝན་མཚོ་འགག་ཏུ་སྐོར་གཡེ་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ཕྱི་ཟླ་༤་པའི་ཚེས་༢༤་ཉིན་ཐེ་པེ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་ཡང་ཇཱོ་སེབ་བྷོ་རེལ་གྱིས་ཡུ་རོབ་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་གང་ཅིའི་ཐད་ནས་ཐེ་ཝན་ལ་འབྲེལ་བ་ཆགས་ཡོད། ངས་ཡུ་རོབ་ཀྱི་ཁེ་ཕན་ཆེད་དུ་ཡུ་རོབ་རྒྱལ་ཁབ་ཁག་གིས་ཐེ་ཝན་མཚོ་འགག་ལ་སྐོར་གཡེང་དམག་གྲུ་བཏང་སྟེ་ཆེས་གནད་འགག་ཅན་གྱི་ས་གནས་དེའི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་སྟོན་དགོས་པའི་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་རྩོམ་ཡིག་བྲིས། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཇཱོབ་སེབ་བྷོ་རེལ་གྱིས་ཡུ་རོབ་གྲོས་ཚོགས་སུ་ཐེ་ཝན་མཚོ་གླིང་དེ་ཡུ་རོབ་ལ་གལ་འགངས་ཅི་ཙམ་ཆེ་མིན་གླེང་། ཁོང་གིས་ཞི་བདེ་ཁག་ཐེག་བྱེད་པར་ཐེ་ཝན་ནི་ང་ཚོའི་ས་ཁམས་འཐབ་ཇུས་ཀྱི་ཆ་ཤས་སུ་འགྱུར་དགོས་ཞེས་གཏམ་བཤད་བྱས་འདུག

ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་རང་གི་འཁྲུག་རྩོད་མིན་པ་ཞིག་གི་ནང་དུ་ཚུད་ཉེན་ཆེ། ཐེ་ཝན་མཚོ་འགག་ཏུ་འཁྲུག་རྩོད་ལངས་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་ཨ་མི་རི་ཀའི་རྗེས་སུ་རྒྱུག་དགོས་དོན་མེད་ཅེས་བསྒྲགས། དེར་བརྟེན་ཡུ་རོབ་རྒྱལ་ཁབ་ཁག་གིས་ཧྥ་རན་སིའི་སྲིད་འཛིན་གྱི་གཏམ་བཤད་ལ་ཁ་རྡུང་དྲག་པོ་བཏང་བ་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་བྱས་ནས་ཡུ་རོབ་ཀྱི་དམག་འཁྲུག་ཅིག་ལ་ཞུགས་ཡོད་ཅེས་ལན་བཏབ། ཡུ་རོབ་ཀྱི་ཕྱི་སྲིད་སྐུ་ཚབ་བྷོ་རེལ་གྱིས་ཐེ་ཝན་ལ་གཏོར་རྒོལ་བྱུང་ན་དེ་ལ་ངོ་རྒོལ་བྱ་རྒྱུ་ནི་ཀུན་སྤྱོད་ལ་མཐུན་པར་མ་ཟད། ཡུ་རོབ་ཀྱི་དཔལ་འབྱོར་ལའང་འབྲེལ་བ་དམ་ཟབ་ཡོད། ཅིའི་ཕྱིར་ཞེ་ན་ཐེ་ཝན་གྱིས་འཛམ་གླིང་གི་ཅིབ་ལེབ་ཆེས་ཡར་ཐོན་ཅན་རྣམས་བཟོ་སྐྲུན་བྱེད་ཀྱི་ཡོད་པ་རེད་ཅེས་ཁེ་ཕན་ངོ་སྤྲད། ཁོང་གིས་ང་ཚོའི་ལྟ་ཚུལ་ལ་རྒྱ་ནག་གཅིག་ལས་མེད། ཡིན་ནའང་དྲག་ཐབས་དང་དྲག་སྤྱོད་བཀོལ་རྒྱུ་དེར་ངོས་ལེན་གཏན་ནས་མེད་ཅེས་གསལ་བཀྲོལ་བྱས་འདུག

གཟའ་ཉི་མའི་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་སྐུ་ཚབ་བྷོ་རེལ་གྱིས་ང་ཚོས་ཐེ་ཝན་གྱི་གནད་དོན་ལ་དོ་ཁུར་ངེས་པར་དུ་ལེན་དགོས། ཐེ་ཝན་མཚོ་གླིང་གི་རྒྱ་ཆེའི་མང་ཚོགས་ལ་མིག་སྔའི་གནས་བབ་དེ་རྒྱུན་འཁྱོངས་བྱ་རྒྱུའི་འདོད་པ་འདུག ང་ཚོས་ཐེ་ཝན་མི་དམངས་ཀྱི་མངོན་འདོད་དེར་རྒྱལ་སྐྱོར་གྱི་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་བཤད། དེ་རིང་གཟའ་ཟླ་བའི་ཉིན་ཡུ་རོབ་མཉམ་འབྲེལ་རྒྱལ་ཁབ་༢༧་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། དེ་རིང་གི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བ་འཛིན་ཕྱོགས་ཡིན་པའི་གནས་ཚུལ་ཐོན། ཉིན་ཤས་གོང་དུ་ཧྥ་རན་སིར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ཡུཀ་རེན་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་མིན་དང་ལོ་རྒྱུས་ཐོག་ཏུ་ཡུཀ་རེན་རང་བཙན་རྒྱལ་ཁབ་ཅིག་ཡིན་མིན་དོགས་སློང་བྱས་ཏེ་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོར་བློ་འཚབ་ཆེན་པོ་བྱུང་འདུག

ཕྱི་ཟླ་༤་པའི་ཚེས་༢༣་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཡུ་རོབ་མཉམ་འབྲེལ་གྱིས་ཐེ་ཝན་མཚོ་འགག་ཏུ་ཞི་བདེ་བསྐྲུན་དགོས་པའི་གནད་འགག་ངོས་ཟིན་པར་རྗེས་སུ་ཡི་རང་ཡོད། མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་དེ་ཕྱོགས་གཅིག་གིས་བསྒྱུར་ཐབས་བྱེད་ཀྱི་ཡོད་པར་ཡུ་རོབ་མཉམ་འབྲེལ་གྱིས་ངོ་རྒོལ་དང་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་མཚོན་དོན་རེད། ཐེ་ཝན་ནི་ཡུ་རོབ་ཀྱི་ས་ཁམས་འཐབ་ཇུས་དང་མངའ་ཁུལ་གྱི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་གལ་འགངས་ཆེན་པོ་ཡིན། ཐེ་ཝན་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཡུལ་ལུང་ཞིག་ཡིན་པས་མུ་མཐུད་དུ་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཟབ་ཏུ་བཏང་སྟེ་དངོས་ཟོག་མཚམས་མི་ཆད་པ་དང་མངའ་ཁུལ་གྱི་ཞི་བདེ། ཡར་རྒྱས་བཅས་ལ་དཀའ་སྤྱད་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་གདམ་ཀ་འདོར་རྒྱུ་མིན་ཟེར།།

བདུན་ཕྲག་གཉིས་ཀྱི་གོང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཁེ་ཝེན་མར་ཁར་ཐི་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གཉིས་ཐུག་འཕྲད་བྱས་ནས་བཟུང་། རྒྱ་ནག་གིས་སླར་ཡར་ཐེ་ཝན་མཐའ་བསྐོར་ཏེ་གནམ་མཚོ་གཉིས་ནས་དཔུང་འཇུག་གི་དམག་སྦྱོང་བྱས་ཤིང་། ཞིས་ཅིན་ཕིང་གིས་བཀོད་ཁྱབ་ལྟར་རྒྱ་ནག་གིས་ལོ་རེ་བཞིན་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་དམག་གི་གནམ་གྲུ་དང་ཐེ་ཝན་གྱི་མཚོ་ཁོངས་སུ་དམག་གྲུ་བཏང་ནས་བདེ་འཇགས་མེད་པར་གཏོང་རྒྱུ་ཤུགས་ཆེ་རུ་སོང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་གྱིས་ཐེ་ཝན་མཚོ་འགག་ལ་ཞི་བདེ་མེད་པའི་འགག་རྩ་དེ་རྒྱ་ནག་ལ་ཐུག་འདུག རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་དེར་འགྱུར་བ་གཏོང་ཐབས་བྱས་ནས་ཛ་དྲག་སློང་གི་འདུག་ཅེས་ལན་ཁག་བཙུགས། རྒྱ་ནག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ཉེས་འཛུགས་དེ་ཁུངས་ལུང་མི་འདུག དེ་ནི་གཡོ་གཏམ་དང་ངན་ཇུས་ཀྱི་སྐད་ཆ་ཞིག་རེད་ཅེས་དགག་པ་བརྒྱབ།།

ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིར་འཚམས་འདྲིར་ཕེབས། སྲིད་འཛིན་མེཀ་རོན་གྱིས་ཡུ་རོབ་རྒྱལ་ཁབ་ཁག་ཨ་མི་རི་ཀའི་རྗེས་སུ་ཞར་མཆོག་རྒྱག་མི་ཉན་ཞེས་བསྐྱར་དུ་བཟློས། ནེ་དྷར་ལན་ཌིའི་གཞུང་གིས་ཀྱང་ཧྥ་རན་སིའི་སྲིད་འཛིན་གྱི་ལྟ་ཚུལ་ལ་མོས་མཐུན་ཡོད་པའི་རྣམ་འགྱུར་བསྟན། ཡིན་ནའང་ཕྱི་ཟླ་༤་པའི་ཚེས་༢༢་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེ་དྷར་ལན་ཌིའི་གསང་བའི་ལས་ཁུངས་ཀྱིས་རྒྱ་ནག་ནི་ནེ་དྷར་ལན་ཌིའི་དཔལ་འབྱོར་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་སྙན་ཐོ་བཏོན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་ཡུ་རོབ་ཀྱི་འབྲེལ་ཡོད་ལས་སྣེ་ཚོས་རྒྱ་ནག་ཉེན་ཁ་ཞིག་རེད་ཅེས་རྟོག་བཟོ་བྱ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དངོས་ཟོག་གཅིག་པུར་བརྟེན་རྒྱུ་ཉུང་དུ་གཏོང་དགོས་ཟེར་གྱི་ཡོད་མོད། འོན་ཀྱང་འཇར་མན་ཎི་དང་ཧྥ་རན་སི་གཉིས་ཀས་རྒྱ་ནག་ལ་ཚོང་འབྲེལ་གཅོད་འདོད་མེད་ཅེས་གསལ་བསྒྲགས་སྤེལ།།

སྲིད་འཛིན་མེཀ་རོན་གྱི་གཏམ་བཤད་དེས་ཨ་རི་དང་ཡུ་རོབ་གཉིས་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་ལངས་ཕྱོགས་ཐ་དད་ཡིན་པའི་རྣམ་པ་ཞིག་ཐོན། དེས་ན་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་སུས་ད་ལྟའི་གནས་བབ་འདིར་འགྱུར་བ་གཏོང་ཐབས་བྱས་ན་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེ་བཞིན་ཐེ་ཝན་ལ་དྲག་ཤུགས་བཀོལ་ནས་མཚོ་འགག་ཕྱོགས་གཉིས་གྱུར་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་གསལ་བསྒྲགས་སྤེལ། ཧྥ་རན་སིའི་ཉམས་ཞིབ་པ་ཨན་ཊོ་ནེ་བྷོན་དྷ་ཛ་ནི་རྒྱ་ནག་དང་ཐེ་ཝན། ཀོ་རི་ཡའི་ཕྱི་སྲིད་དང་བདེ་འཇགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཞིང་། ཁོང་གིས་སྲིད་འཛིན་མེཀ་རོན་གྱི་སྐད་ཆ་དེ་ནོར་འཁྲུལ་དང་ཆག་སྒོ་སློང་སྤྱད་ཅིག་རེད། ཐེ་ཝན་གྱི་དམག་འཁྲུག་དུས་སུ་ཧྥ་རན་སི་བར་གནས་བྱ་རྒྱུའི་རྣམ་འགྱུར་བསྟན་པ་ནི་རྒྱ་ནག་གི་གཡོ་འོག་ཏུ་ཚུད་པ་རེད་ཅེས་བསྟན། ཧྥ་རན་སིའི་ཕྱི་འབྲེལ་མི་སྣ་ཟུར་པ་གྷུ་ཧེན་ནོས་སྲིད་འཛིན་མེཀ་རོན་ནི་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ཡིན་པས་སྐད་ཆ་ཅི་ཞིག་བཤད་ཀྱང་མཚོན་དོན་རེ་ཡོད། ཁོང་གིས་སློབ་ཆེན་ཞིག་གི་སློབ་དཔོན་ལྟར་སྐད་ཆ་བཤད་རྒྱུ་མང་དྲགས་སོང་ཞེས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG