ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་རོགས་ཚོགས་ཀྱི་ལས་སྣེ་ཚོས་བོད་པའི་གཞིས་ཆཊ་ཁག་ལ་གཟིགས་ཞིབ།


༄༅།། ཨ་རིའི་གཞུང་གིས་བོད་པ་བཙན་བྱོལ་བ་ཚོར་རོགས་་དངུལ་སྤྲོད་ཀྱི་ཡོད་པ་རྣམས་འགྲོ་གྲོན་གཏོང་ཕྱོགས་དང་ལས་གཞི་གཉེར་ཕྱོགས་བཅས་ལ་ཨ་རིའི་སྐྱབས་བཅོལ་ལྟ་རྟོག་རོགས་ཚོགས་ཀྱི་སྐུ་ཚབ་གསུམ་དང་རྒྱ་ས་ཝ་ཤིང་ཊོན་གྱི་སྐྱབས་བཅོལ་བའི་རོགས་ཚོགས་ཁག་གི་འབྲེལ་མཐུད་པ་ཇཱོན་ཝྭི་ཧྥ་ཛི་ཡོ། ལྡི་ལིའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་ཌེ་ཎི་སི་ཟེ་སི་ཊེ་དང་བལ་ཡུལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་བདྨ་བསྟན་འཛིན་བཅས་སྐུ་ཚབ་ཚོགས་པ་ཞིག་ཕྱི་ཟླ་༡༢་ཚེས་༨་ནས་༩་བར་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་སྦེལ་ཀོབ་གཞིས་ཆགས་སུ་གཟིགས་ཞིབ་ལ་ཕེབས་ཡོད་ཅིང་། ཁོ་ཚོའི་ལྷན་དུ་བཞུགས་སྒར་རྡ་ས་ལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་གཉིས་ལྷན་བཅར་ཞུས་འདུག ཨ་རིའི་སྐུ་ཚབ་ཚོགས་པའི་འཐུས་མི་ཚོས་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ལ་རོགས་རམ་གྱི་འཛུགས་སྐྲུན་ལས་གཞི་སྤེལ་ཡུལ་ས་གནས་དངོས་ལ་རྟོག་ཞིབ་དང་འབྲེལ་ཡོད་མི་སྣ་ཁག་ལ་ཐུག་འཕྲད་ཀྱིས་གནས་ཚུལ་རྒྱུས་ལོན་གནང་ཡོད་པ་རེད།།

སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གི་ས་གནས་གཞིས་འགོ་བློ་བཟང་ཡེ་ཤེས་ཀྱིས་འགྲེལ་བརྗོད་གནང་བར་གཞིགས་ན། ཁོང་ཚོས་ཐེངས་འདིར་རྟོག་ཞིབ་གནང་དོན་གཙོ་བོ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུས་སུ་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་དང་སྨན་བཅོས་ཀྱི་ཡོ་བྱད། འཚོ་བའི་མཐུན་རྐྱེན་རོགས་རམ་ཤུགས་ཆེན་སྤྲད་ཡོད་པ་དེར་གྲུབ་འབྲས་ཅི་སོན་དང་མ་འོངས་པར་ལས་འཆར་ཡར་རྒྱས་གཏང་ཕྱོགས་སོགས་ཡིན་པར་མ་ཟད། ཨ་རིའི་རོགས་ཚོགས་ཀྱིས་དགོན་སྡེ་ཁག་གི་དགེ་འདུན་པ་ཁག་ཅིག་ལ་འཚོ་སྣོན་སྤྲོད་བཞིན་ཡོད་པ་དེ་དག་ལ་དངོས་སུ་མཇལ་འཕྲད་གནང་སྟེ་གནས་སྟངས་ལ་ཞིབ་འཇུག ཁོང་ཚོས་བོད་ནང་གི་ཕ་མ་སྤུན་མཆེད་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་མེད་དང་སེམས་ཁམས་ཀྱི་གནས་སྟངས་སོགས་བཀའ་འདྲི་ཞིབ་ཕྲ་གནང་འདུག

སློབ་གྲྭ་ཁག་དང་གཞིས་གྲོང་ཁག་ཏུ་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ལས་འཆར་ལ་རྟོག་ཞིབ། དགེ་ལས་སློབ་ཕྲུག་དང་གཞིས་ཆགས། དགོན་སྡེ་ཁག་དུ་འཕྲོད་བསྟེན་གྱི་གོ་རྟོགས་སྤེལ་ནས་གསང་སྤྱོད་གསར་རྒྱག་གི་འཛུགས་སྐྲུན་ལས་གཞིའི་གྲུབ་འབྲས་ལ་རྟོག་ཞིབ། གཞིས་ཆགས་དང་དགོན་སྡེ་ཁག སློབ་གྲྭ་ཁག་ཏུ་དངོས་སུ་འཕྲད་བཞིན་པའི་དཀའ་ངལ་ཅི་ཡོད་དང་ད་དུང་རོགས་རམ་སྤྲོད་དགོས་ས་ཅི་ཡོད། མ་འོངས་ཡར་རྒྱས་གཏང་དགོས་པའི་གནད་དོན་ཅི་ཡོད་ལ་ཞིབ་འཇུག ད་ཐེངས་ཀྱི་གཟིགས་ཞིབ་སྐབས་སུ་ཨ་རིའི་གཞུང་གིས་རོགས་དངུལ་སྤྲད་པའི་ལས་གཞི་ཁག་གི་གྲུབ་འབྲས་ནི་བློ་ཁ་ཚིམས་པ་ཞིག་བྱུང་འདུག་ཅེས་བསྔགས་བརྗོད་ཐོབ། ཨ་རིའི་རོགས་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ལོ་མང་རིང་འཛུགས་སྐྲུན་ལས་གཞི་གཙོ་བོར་གྱུར་བའི་འཕྲོད་བསྟེན་དང་ཤེས་ཡོན། དཔལ་འབྱོར་སོགས་གང་ཅིའི་ཐད་དུ་རོགས་རམ་རྒྱ་ཆེན་པོ་གནང་དང་གནང་བཞིན་ཡོད་ཅིང་། དེ་རིང་ཕྱི་ཚེས་༡༠་ཉིན་ཨ་རིའི་རོགས་ཚོགས་ཀྱི་སྐུ་ཚབ་རྣམས་ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ལ་གཟིགས་ཞིབ་ཏུ་ཕེབས་རྒྱུ། དེ་ནས་བཞུགས་སྒར་ཕྱོགས་དང་བལ་ཡུལ་ཁུལ་དུ་གཟིགས་ཞིབ་ལ་ཕེབས་འཆར་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG