ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལ་དྭགས་པ་ཚོར་ཀུ་ཤུ་འདེབས་ལས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ་འཐུས་ཤོར།


༄༅།། ༢༠༡༩་ལོར་རྒྱ་གར་གཞུང་གིས་ལ་དྭགས་ཇམ་མུ་ཀ་སྨིར་མངའ་སྡེའི་འོག་ནས་དབུས་གཞུང་གི་ཐད་སྐྱོང་མངའ་ཁུལ་ཞིག་ཏུ་བསྒྱུར། སྔ་ལོ་ཆེས་ཐོག་མར་ལ་དྭགས་ཀྱི་ཀུ་ཤུའི་ཐོན་སྐྱེད་རྣམས་རྒྱ་གར་གྱི་མངའ་སྡེ་གཞན་ཁག་ལ་ཚོང་འགྲེམ་བྱེད་ཆོག་པའི་གོ་སྐབས་ཐོབ་པར་ལ་དྭགས་ཀྱི་ཞིང་པ་ཚོ་དགའ་མོས་བྱུང་ཞིང་། ཕྱི་ཟླ་༡་པའི་ཚེས་༢༠་ཉིན་རྒྱ་གར་གྱི་ཊི་རི་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ཀྱི་དབུས་ཐད་སྐྱོང་ས་གནས་གཞུང་གིས་ཞིང་པ་ཚོར་དགོས་ངེས་ཀྱི་སྦྱོང་བརྡར་དང་རོགས་དངུལ་སྤྲོད་རྒྱུ་སོགས་ལ་འཐུས་ཤོར་བཏང་སྟེ་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ལ་དྭགས་རྒྱ་གར་གྱི་དབུས་ཐད་སྐྱོང་མངའ་ཁུལ་ཞིག་ལ་མ་བསྒྱུར་སྔོན་དེར་ཇམ་མུ་ཀསྨིར་མངའ་སྡེའི་ཀུ་ཤུ་རྣམས་ས་གནས་ཀྱི་ཁྲོམ་ར་ཁག་ཏུ་ཚོང་འགྲེམ་བྱེད་ཆོག་ཀྱང་རྒྱ་གར་གྱི་མངའ་སྡེ་གཞན་ཁག་གི་ཁྲོམ་རའི་ནང་དུ་ཕྱིར་ཚོང་བྱེད་ཆོག་གི་མེད་ཅིང་། ལ་དྭགས་ཀྱི་རི་ཁུལ་འཛུགས་སྐྲུན་ལྷན་ཚོགས་ཀྱི་འཐུས་མི་རིག་འཛིན་ལྷུང་གྲུབ་ཀྱིས་ལྡི་ལི་གསར་པ་དང་ཀེ་ར་ལ། ཏེ་ལཱན་གྷ་ན་དང་ཨན་དྷར་པུར་དྷེ་ཤི། ཧ་རི་ཡ་དང་ཅེ་ནེ་སོགས་རྒྱ་གར་གྱི་ས་གནས་གཞན་ཁག་གི་ཚོང་རའི་ནང་དུ་ལ་དྭགས་ཀྱི་ཀུ་ཤུའི་ཐོན་སྐྱེད་ཕྱིར་ཚོང་བྱ་རྒྱུའི་ལས་མགོ་བརྩམས།།

ལ་དྭགས་ཀྱི་འཐུས་མི་རིག་འཛིན་ལྷུང་གྲུབ་ཀྱིས་གསར་འགོད་པར་གོང་འཁོད་མངའ་སྡེ་ཁག་གིས་ལ་དྭགས་ཀྱི་ཀུ་ཤུ་ཚོང་འགྲེམ་བྱེད་ཆོག་པའི་བརྡ་ལན་འབྱོར་བ་ཁག་ལ་བལྟས་ན་རེ་ལྟོས་ཆེན་པོ་འདུག འོན་ཀྱང་ལ་དྭགས་ཀྱི་ཞིང་པ་ཚོར་ཀུ་ཤུ་འདེབས་ལས་ཀྱི་སྦྱོང་བརྡར་ཡག་པོ་ཞིག་ཐོབ་མེད་པ་དང་དབུས་ཐད་སྐྱོང་ས་གནས་གཞུང་གིས་ཀུ་ཤུ་འདེབས་ལས་ལ་དངུལ་སྒོར་རོགས་སྐྱོར་སྤྲོད་ཀྱི་མེད་པ་དཀའ་ངལ་ཞིག་རེད། ངས་ས་གནས་ཀྱི་འགོ་ཁྲིད་ཚོར་ཀསྨིར་དང་ཧི་མ་ཅལ་མངའ་སྡེའི་ཀུ་ཤུ་འདེབས་ལས་ཀྱི་མཁས་པ་རྣམས་གདན་འདྲེན་ཞུས་ནས་ལ་དྭགས་པ་ཚོར་སྦྱོར་བརྡར་སྤྲོད་དུ་འཇུག་དགོས་པའི་འབོད་སྐུལ་ཇི་ལྟར་ཞུས་ཀྱང་ཉན་མཁན་མི་འདུག་ཅེས་འཁང་ར་བཤད། ལ་དྭགས་ཀྱི་ཞིང་པ་ཚོར་ཀུ་ཤུའི་སྡོང་པ་ཇི་ལྟར་འཛུགས་དགོས་པ་དང་ཀུ་ཤུ་འཐོག་སྟངས། ཀུ་ཤུའི་ཐོན་སྐྱེད་རྣམས་རབ་འབྲིང་དབྱེ་བའི་སྦྱོང་བརྡར་མེད་པ། ལ་དྭགས་ཀྱི་ཀུ་ཤུ་ལ་འབུ་སྨན་དང་རྫས་སྦྱོར་སོགས་མ་བརྒྱབ་པར་གངས་ཆུར་བརྟེན་ནས་ཐོགས་པ་ཤ་སྟག་ཡིན་ཞིང་། ས་གནས་ཀྱི་འགོ་ཁྲིད་ཚོས་རང་གི་ས་གནས་དེར་སྟར་བུ་སྐྱེ་ཡི་ཡོད་པའི་ཐོན་སྐྱེད་ལ་ཚོང་ལས་ཀྱི་མདུན་ལམ་ཆེན་པོ་ཡོད་པའི་རེ་ལྟོས་འཆང་ནས་སྟར་བུ་གདབ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ལ་དྭགས་ཀྱི་རྒྱལ་ས་གླེའི་རྩི་ཤིང་རིག་པའི་སྡེ་ཚན་གྱི་འགན་འཛིན་ཀུན་བཟང་དབང་མོས་གསར་འགོད་པར་བཤད་པ་ལྟར་ན། དབུས་ཐད་སྐྱོང་ས་གནས་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་ལོ་སྨད་འདིར་ལ་དྭགས་ཀྱི་ཞིང་པ་ཚོར་ཀུ་ཤུ་འདེབས་ལས་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱས་ནས་སྦྱོང་བརྡར་སྤྲོད་འཆར་ཡོད་པར་མ་ཟད། ད་ནས་ང་ཚོས་ལ་དྭགས་ཀྱི་ཀུ་ཤུའི་ཐོན་སྐྱེད་རྣམས་རྒྱ་གར་རྒྱལ་ཡོངས་སུ་ཚོང་འགྲེམ་བྱེད་ཆོག་ཅེས་བཤད། ལ་དྭགས་ཀྱི་ཐོན་སྐྱེད་གཞན་པ་ཞིག་ནི་ཁམ་བུ་དང་ཁམ་བུ་སྐམ་པོ་ཡིན་ཞིང་། ལྷག་པར་དུ་ལ་དྭགས་ཀྱི་ཁམ་བུ་སྐམ་པོ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་ཉོ་ཚོང་ཤུགས་ཆེན་བྱེད་ཀྱི་ཡོད་པར་མ་ཟད། ལ་དྭགས་ཀྱི་ཁམ་བུ་སྐམ་པོ་ལག་རྟགས་དང་མཆོད་པ། ཟས་རིགས་དང་སྨན་སོགས་ལ་དགོས་མཁོ་ཤིན་ཏུ་ཆེ། དེ་བཞིན་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་གིས་ཀྱང་མི་དམངས་ལ་ཁམ་བུ་འཐོག་རོགས་དང་ཀམ་བུའི་ལྡི་གུ་བཟོ་རོགས་། ཁམ་བུའི་ཐོན་སྐྱེད་རྣམས་ལྕགས་ཀྲིན་ནང་དུ་བཅུག་སྟེ་ཚོང་ལས་ཀྱི་དམིགས་ཡུལ་འགྲུབ་ཏུ་འཇུག་ཐབས། མཐའ་མཚམས་ཀྱི་མི་དམངས་ལ་ཚོང་ལས་ཀྱི་རང་མགོ་ཐོན་ཐབས་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG