ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༢/༠༥/༢༨

འབྲུག་ཡུལ་ལ་ཆུ་ཚོད་༧༢་ཀྱི་རིང་དུ་སྒོ་རྒྱ་བསྡམས།


༄༅།། འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱལ་ས་ཐིམ་ཕུ་དང་སྤ་རོ། བུམ་ཐང་དང་ཧཱ། ཀྲོང་གསར་བཅས་ལ་སྒོ་རྒྱ་བསྡམས་ཡོད་པ་ལྷོད་ཡངས་གཏོང་རྒྱུ་ཡིན་མིན་ནི་ཉིན་གསུམ་གྱི་རིང་དུ་མི་དམངས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་རག་ལས་ཡོད། ཆུ་ཚོད་༧༢་ཀྱི་གཞུག་ཏུ་མི་༧༠༠༠་ལྷག་ལ་བརྟག་དཔྱད་བྱས་པའི་དཔེ་མཚོན་རྣམས་བསྡུ་ཐུབ། གལ་སྲིད་དཔེ་མཚོན་དེ་དག་གི་གྲས་སུ་ནད་རྟགས་ཐོན་པ་གཅིག་ཀྱང་མེད་ན་གོང་འཁོད་རྫོང་ཁག་ལྔར་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག དེ་ཡང་ཕྱི་ཟླ་༡་ཚེས་༡༨་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱལ་ས་ཐིམ་ཕུ་གཅིག་པུའི་ནང་དུ་མི་༡༨༠༠་ལྷག་དང་སྤ་རོ་ས་ཁུལ་དུ་མི་༡༢༠༠་ལྷག བུམ་ཐང་དང་ཀྲོང་གསར་གཉིས་སུ་མི་༥༠༠་ལྷག་ལ་བརྟག་དཔྱད་བྱས་ཀྱང་ཚང་མར་ནད་དུག་འགོས་མེད་པའི་གྲུབ་འབྲས་ཐོན་སོང་། མི་ལ་ནད་རྟགས་ཐོན་པའི་དུས་ཚོད་ནི་ཉི་མ་གསུམ་ནས་བཞིའི་བར་དུ་རེད། ང་ཚོས་སྒོ་རྒྱ་བསྡམས་ནས་འགྲོ་འོང་བཀག་ཀྱང་མི་མང་རྣམས་འདུ་འཛོམས་དང་འགྲིམ་འགྲུལ་བྱེད་ཀྱི་ཡོད་ཅིང་། ད་ལྟ་ཁོ་ཚོ་རང་ཁྱིམ་དུ་ཕྱིར་ལོག་བྱེད་ཆོག་པའི་འཁྲོལ་ཆ་དགོས་ཟེར་གྱི་འདུག འདས་པའི་ལོ་གཉིས་ཀྱི་རིང་དུ་ཏོག་དབྱིབས་ནད་དུག་གི་ངོ་བོ་ཐེངས་ལྔ་ལྷག་འགྱུར་བ་ཐེབས་པ་རེད། ད་དུང་ཡང་སྤྱི་ཚོགས་རྒྱང་བཀྱེད་དང་སྒོ་རྒྱ་བསྡམ་དགོས་པ་སོགས་ནད་འགོག་གི་ཐབས་ཇུས་ཁག་ལ་འགྱུར་བ་ཕྱིན་མེད། ཕུན་ཚོགས་གླིང་ས་གནས་སུ་འགྲོ་འོང་བཀག་པའི་སྟབས་ཀྱིས་ཉི་མ་བཞི་ལྔ་ཞིག་གི་ནང་དུ་དངོས་ཟོག་གི་རིན་གོང་འཕར་སྲིད་པར་བློ་འཚབ་འདུག་ཅེས་བཀྲལ།།

འབྲུག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་དང་ལམ་སྟོན་སོགས་ཀྱི་ཁ་པར་གཏོང་ས་མང་དག་ཅིག་ཡོད་པ་དང་སྲིད་བློན་བློ་གྲོས་ཚེ་རིང་སོགས་གཞུང་འབྲེལ་མི་སྣ་ཁག་གིས་མི་དམངས་ལ་མི་ཚོགས་འདུ་འཛོམས་བྱ་རྒྱུར་གཡོལ་དགོས། ལག་པ་བཀྲུ་དགོས་པ་དང་ཁ་རས་གྱོན་དགོས་ཞེས་ལམ་སྟོན་བྱེད་ཀྱི་ཡོད་པར་མ་ཟད། འབྲུག་ཡུལ་གྱི་སྤྱི་དམངས་བརྒྱ་ཆ་༩༣་ལྷག་ལ་སྨན་ཐུན་གསུམ་པའི་འགོག་ཁབ་བམ། ཡང་ན་ཤུགས་སྐྱེད་སྨན་ཁབ་བརྒྱབ་སྟེ་མི་མང་བརྒྱ་ཆ་༨༠་ཡས་མས་ཤིག་ལ་འགོག་ཁབ་ཀྱི་ཕན་ཐོགས་བྱུང་། སྲིད་བློན་ལས་ཁུངས་ཀྱིས་ཞོགས་པའི་ཆུ་ཚོད་༥་པ་ནས་ས་གནས་གང་གི་ཚོང་ར་རྣམས་སྒོ་འབྱེད་དུ་འཇུག་དགོས་མིན་ངེས་གཏན་བྱ་རྒྱུ་དང་དགོང་མོའི་ཆུ་ཚོད་༦་པ་ཚོང་ཁང་རྣམས་སྒོ་རྒྱག་དགོས། དེའི་རྗེས་སུ་མི་ཚོགས་འདུ་བ་དང་འགྲིམ་འགྲུལ་སོགས་བྱེད་མི་ཆོག་ཅེས་བཀོད་ཁྱབ་བཏང་འདུག དེང་སྐབས་འབྲུག་གི་ལྷོ་ཕྱོགས་སུ་ཆགས་པའི་ཕུན་ཚོགས་གླིང་ས་གནས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་བཞིན་པའི་རྟགས་མཚན་མེད་ཀྱང་ལོ་ན་༣༧་ལ་སོན་པའི་ཆང་ཁང་ཞིག་གི་སྲི་ཞུ་བ་བུད་མེད་ཅིག་ལ་ཏོག་དབྱིབས་ནད་དུག་འགོས། ཆང་ཁང་གི་སྲི་ཞུ་བ་དེར་མགྲོན་པོ་ཞིག་བརྒྱུད་ནས་ནད་དུག་འགོས་ཡོད་པའི་རྟགས་མཚན་ཆེན་པོ་འདུག ཕྱི་ཟླ་༡་ཚེས་༡༠་ནས་༡༥་བར་དུ་ཕུན་ཚོགས་གླིང་ས་གནས་སུ་སྨད་ཕྱོགས་ནས་མི་༥༢་བསླེབས་ཡོད་པ་རྣམས་ཟུར་འགོག་མ་བྱས་པར་འབྱོར་འདུག་ཅེས་གནས་ཚུལ་སྤེལ། སྨོན་ལམ་ཞེས་པའི་ཕུན་ཚོགས་གླིང་ས་གནས་ཀྱི་ཡུལ་མི་ཞིག་གིས་ང་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྒྲིག་ཁྲིམས་ཁག་ཚུལ་བཞིན་སྲུང་བརྩི་བྱེད་བཞིན་ཡོད། རྒྱ་གར་ནས་དངོས་ཟོག་ནང་འདྲེན་བྱེད་པའི་སྐབས་སུའང་ནད་འགོག་གི་སྒྲིག་གཞི་ཁག་ལ་འགལ་འཛོལ་མེད་པར་ལག་ལེན་བསྟར་གྱི་ཡོད། ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་བྱེད་དགོས་པའི་ལམ་སྟོན་དང་གོ་རྟོགས་ཀྱང་གང་ལེགས་སྤེལ་གྱི་འདུག ཕུན་ཚོགས་གླིང་གི་མི་ཞིག་ཉིན་༡༤་ལ་ཟུར་འགོག་བྱས་པའི་རྗེས་སུ་ནད་རྟགས་ཐོན་སོང་། ངས་འབྲུག་གཞུང་ལ་ཟུར་འགོག་གི་དུས་ཡུན་ཉི་མ་༡༤་ནས་ཉིན་༢༡་བར་དུ་ཕར་འགྱངས་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་འབྲུག་ཡུལ་ལ་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་པའི་གནས་ཚུལ་དང་པོ་དེ་ཐོན། ཁ་སྔོན་གཟའ་པ་སངས་ཉིན་འབྲུག་ཡུལ་གྱི་ནད་རིགས་བཀག་སྡོམ་ལྟེ་གནས་ཁག་གི་འགན་འཛིན་བསོད་ནམས་དབང་ཕྱུག་གིས་ང་ཚོའི་སྤྱི་ཚོགས་སུ་ཨོ་མི་ཁོ་རོན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་རྟགས་མཚན་རྙེད་མ་སོང་། ནད་རྟགས་འགོས་ཡོད་མེད་བརྟག་དཔྱད་བྱས་པ་རྣམས་ཟུར་འགོག་ཁང་དུ་བཞག་ཡོད་པ་རྣམས་ཡིན་པ་དང་ཁོ་ཚོ་ཕྱི་རྒྱལ་བ་ཤ་སྟག་རེད་ཅེས་བཤད། འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་འབུམ་ཕྲག་མང་པོར་འཆི་སྐྱོན་དང་མི་ས་ཡ་མང་པོར་ནད་དུག་འགོས་ཀྱང་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཚབས་ཆེན་ཞིག་མ་ཕྲད། འབྲུག་ཡུལ་ལ་མི་འབོར་༧༥༠༠༠༠་ལྷག་ཡོད་པ་དེའི་ཁོངས་ནས་ལོ་༡༢་ཡན་ཆད་ཀྱི་མི་འབོར་བརྒྱ་ཆ་༩༣་ལ་འགོག་ཁབ་བརྒྱབ། རྒན་རྒོན་དང་ནད་པ། སྨན་པ་དང་སྨན་ཞབས་པ་སོགས་ཏོག་དབྱིབས་ནད་དུག་གི་མདུན་སར་འཐོན་མཁན་འཕྲོད་བསྟེན་ལས་སྣེ་བརྒྱ་ཆ་༩༨་ལྷག་ལ་སྨན་ཐུན་གཉིས་ཀྱི་འགོག་ཁབ་དང་སྨན་ཐུན་གསུམ་པའི་ཤུགས་སྐྱེད་སྨན་ཁབ་བརྒྱབ་ཟིན་ཡོད་པའི་གནས་ཚུལ་ཐོན་འདུག ཐོག་མར་༢༠༡༩་ཡི་ལོ་མཇུག་ཏུ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་། ད་ལྟའི་བར་དུ་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༢༨༧༣་དང་མི་༣་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་པ་རེད།།

XS
SM
MD
LG