ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་བརླགས་ནས་ལོ་༨་འཁོར་བ།


༄༅།། བོད་དོན་ཞི་བའི་གོམ་བགྲོད་ལས་འགུལ་བ་གླིང་ཚ་ཚེ་བརྟན་རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་༨་ཏག་ཏག་འཁོར་བའི་ཉིན་མོ་འདིར་གླིང་ཚའི་ཁྱིམ་ཞེས་པའི་ཚོགས་པ་ཞིག་གི་ཚོགས་མི་དང་མདོ་སྨད་དབུས་རྒྱུན་བཅས་ཀྱི་བཀོད་སྒྲིག་འོག་བགྲོ་གླེང་ལས་རིམ་ཞིག་ཚོགས་སོང་། ལོ་༨་གྱི་སྔོན་དེར་གླིང་ཚ་ཚེ་བརྟན་རྡོ་རྗེ་གོམ་བགྲོད་ཀྱིས་བལ་ཡུལ་དུ་འབྱོར་ཏེ་བལ་དམག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་རིང་དུ་རོགས་རམ་བྱེད་མཁན་དང་བགྲོ་གླིང་འདིར་མཉམ་ཞུགས་གནང་མཁན་དོན་ལྡན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། གླིང་ཚ་ཚེ་བརྟན་རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་པའི་ཉིན་མོར་སྟབས་བསྟུན་ཏེ་དྲྭ་ལམ་དུ་བགྲོ་གླིང་ཞིག་ཀྱང་བཀོད་སྒྲིག་བྱས་ཡོད་ཅིང་། བགྲོ་གླེང་དེར་གཏམ་བཤད་གནང་མཁན་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནི་མདོ་སྨད་བླ་བྲང་སྔོན་ཆགས་སྡེ་པའི་གླིང་ཚང་ཞེས་པའི་ཁྱིམ་དུ་༡༩༧༩ ལོར་སྐྱེས་ཤིང་། ཆུང་དུས་བླ་བྲང་བཀྲ་ཤིས་འཁྱིལ་དུ་རབ་བྱུང་བསྒྲུབས། ཕྱི་ལོ་༡༩༩༥་ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར།།

༧གོང་ས་མཆོག་གི་མཇལ་ཁ་ཐོབ་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་བྱས་ཀྱང་ཕ་མ་སོགས་ཀྱིས་རང་ཡུལ་དུ་ལོག་ཡོང་དགོས་པའི་རེ་འདུན་བཏོན་པ་ལྟར་ཕ་ཡུལ་དུ་ལོག རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་དེར་ངོས་འཛིན་ཡོད་ཅེས་མཚན་རྟགས་འགོད་དགོས་པའི་བཙན་བཀའ་བཏང་བས་ཕ་ཡུལ་དུ་འདུག་མ་ཐུབ་པར་སླར་ཡང་རྒྱ་གར་ལ་ཡོང་སྟེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཞུགས། དེ་ནས་ཨ་མ་སོགས་ཀྱིས་སླར་ཡང་ཕ་ཡུལ་དུ་ལོག་ཡོང་དགོས་པའི་ནན་སྐུལ་བྱས་ཏེ་ཕ་ཡུལ་དུ་ལོག་ཀྱང་རྒྱ་ནག་དམར་ཤོག་གཞུང་གིས་སུན་གཙེར་ཡང་ཡང་ཕོག མཐར་འཛིན་བཟུང་བཙོན་འཇུག་གི་ཉེན་ཁ་ཕྲད་ནས་བསྐྱར་དུ་རྒྱ་གར་ལ་བྲོས་བྱོལ་དུ་བསླེབས་ཏེ་རྒྱ་གར་ལྷོ་ཕྱོགས་དང་རྡ་རམ་ས་ལ་སོགས་སུ་བསྡད།།
བོད་དོན་ལས་འགུལ་བ་གླིང་ཚ་བརྟན་རྡོ་རྗེས་དུས་དེབ་ཁག་ཏུ་རྩོམ་ཡིག་དུ་མ་ཞིག་སྤེལ་དེ་སྤྱི་ཚོགས་སུ་བཀྲམ། ཕྱི་ལོ་༢༠༡༢་ལོར་རྒྱ་གར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་དུ་ཞི་བའི་གོམ་བགྲོད་ཀྱི་དམ་བཅའ་བཞག་སྟེ་ལོ་དེའི་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་༥༣་པ་ཚོགས་པའི་མཛད་སྒོའི་གཞུག་ཏུ་གླིང་ཚེ་ཚེ་བརྟན་རྡོ་རྗེ་དང་ཨ་མ་སྡོམ་པོ་སྐྱིད། སྲིང་མོ་གླིང་ཚ་ལྷ་མོ་སྐྱིད་གསུམ་གྱིས་བོད་སྐྱོད་ཞི་བའི་གོམ་བགྲོད་དངོས་སུ་མགོ་བརྩམས། ཉིན་ ༦༠་རིང་རྒྱ་གར་གྱི་མངའ་སྡེ་༦་བརྒྱུད་དེ་སྤྱི་ལེ་༡༣༠༠་ལ་གོམ་བགྲོད་ཀྱིས་ཕྱི་ཟླ་ ༥་ཚེས་༡༣་གྱི་མཚན་མོར་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་གྷོ་རག་པུར་དུ་བལ་བོའི་མཐའ་སྲུང་དམག་གིས་བཀག ཚེ་བརྟན་རྡོ་རྗེས་ཨ་མ་དང་སྲིང་མོ་གཉིས་བཞག་སྟེ་མཚན་མོ་ཞིག་ལ་སོ་སོ་གཅིག་པུ་སོང་། ཕྱི་ཟླ་༥་པའི་ཚེས་༢༡་ཉིན་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བཙོན་འཇུག་བྱས་ཀྱང་བཙོན་ཁང་དུ་ངག་བཅད་ངོ་རྒོལ་བྱས་ནས་བཙོན་གྲོལ་ཐོབ།

༢༠༡༣་ལོའི་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་དྷ་རམ་ས་ལའི་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་༥༤་པ་ཚོགས་པའི་མཛད་སྒོའི་གཞུག་ཏུ་གླིང་ཚ་ཚེ་བརྟན་རྡོ་རྗེས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་བཙུགས། ཉིན་༨༩ རིང་རྒྱ་གར་གྱི་མངའ་སྡེ་༦་བརྒྱུད་པ་དང་སྤྱི་ལེ་༢༡༤༨་ལ་གོམ་བགྲོད་བྱས་ནས་ལོ་དེའི་ཕྱི་ཟླ་༦་པའི་ཚེས་༨་ཉིན་རྒྱ་གར་གྱི་ནུབ་བྷང་ག་ལ་མངའ་སྡེའི་ཀ་ལོན་སྦུག་གི་སད་རྒྱུད་གྲྭ་ཚང་དུ་རྐང་འཁོར་དང་ཅ་དངོས་རྣམས་བཞག་སྟེ་གར་སོང་ཆ་མེད་དུ་གྱུར། ད་དུང་ཡང་བོད་དོན་ལས་འགུལ་བ་གླིང་ཚེ་ཚེ་བརྟན་རྡོ་རྗེ་འཆི་གསོན་ཅི་ཡིན་རྩད་གཅོད་ཐུབ་ཀྱི་མེད་པའི་གནས་ཚུལ་རྣམས་གསལ་བ་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG