ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་ཚོགས་མ་ཐུབ་པ།


༄༅།། ཕྱི་ཟླ་དྲུག་པའི་ཚེས་༧་ཉིན་ཚོགས་དྲུང་ལས་ཁུངས་ཀྱིས་འདེམས་ཐོན་སྤྱི་འཐུས་ཚོར་བརྡ་ཁྱབ་བཏང་སྟེ་དབུས་འོས་བསྡུ་ལས་ཁུངས་སུ་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱི་ལས་རིམ་རྣམས་ཕྱི་ཚེས་༨་ཉིན་འཚོགས་རྒྱུ། འདེམས་ཐོན་སྤྱི་འཐུས་ཚོ་ཕྱི་ཚེས་༨་ཉིན་དམ་འབུལ་ལས་རིམ་བང་སྒྲིག་ཞུ་ཕྱོགས་ཚད་ལྡན་ཡོང་བར་འདེམས་ཐོན་སྤྱི་འཐུས་ཚོས་དམ་འབུལ་ཞུ་ཕྱོགས་ཐད་བར་བརྒལ་ཚོགས་གཙོའི་བརྒྱུད་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་དམ་འབུལ་ཞུ་རྒྱུ་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མདུན་དུ་དམ་འབུལ་ཞུ་རྒྱུ་བཅས་གདམ་ཀ་གཉིས་གོ་སྒྲིག་ཞུས་ཡོད་ཅེས་བཀོད། ཕྱི་ཚེས་༨་ཉིན་གྱི་སྔ་དྲོར་བར་བརྒལ་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་གིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུའི་དྲུང་དུ་དམ་འབུལ་གྲུབ་སྟེ་སྤྱི་འཐུས་༢༡་གིས་བར་བརྒལ་ཚོགས་གཙོའི་དྲུང་དུ་དམ་བཅའ་ཕུལ། སྤྱི་འཐུས་༢༢་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་མདུན་དུ་དམ་བཅའ་ཕུལ་སོང་།།

ཕྱི་དྲོར་དབུས་འོས་བསྡུ་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་ཀྱི་མཛད་རིམ་འཚོགས་པར་ཚོགས་དྲུང་ལས་ཁུངས་སུ་ཕེབས་ཀྱང་ལས་དོན་མ་གྲུབ་པར་ཕྱིར་ཕེབས་སོང་ཞིང་། ཐེངས་འདིར་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་དུ་དམ་བཅའ་ཕུལ་བའི་སྤྱི་འཐུས་ཚོའི་སྐུ་ཚབ་ཚོགས་པ་ཞིག་འོས་བསྡུ་ལས་ཁུངས་སུ་ཕེབས་ནས་གནད་དོན་དེར་རྩད་ཞིབ་གནང་འདུག ཕྱི་ཚེས་༧་ཉིན་ཚོགས་དྲུང་གིས་འདེམས་ཐོན་སྤྱི་འཐུས་ཚོར་བཀྲམ་པའི་ཡི་གེ་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་བཞེང་ཐུབ་པ་བྱ་རྒྱུ་ཆེས་ཛ་དྲག་ཅན་ཞིག་ཡིན། སྒྲིག་འཛུགས་འདི་བརྒྱུད་ནས་འཛིན་སྐྱོང་བཀའ་ཤག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ནང་ལས་དོན་ཡོངས་སུ་རྫོགས་པ་ཟམ་མ་ཆོད་པར་བསྒྲུབ་དགོས་པ་ནི་ཆེས་གལ་གནད་ཅན་ཞིག་ཡིན་པས་སྔོན་ལ་སྤྱི་འཐུས་ཚོས་དམ་འབུལ་ཞུ་རྒྱུ་དང་རིམ་གྱིས་ཚོགས་གཙོ་བགྲེས་གཞོན་གཉིས་འོས་འདེམས་བྱ་རྒྱུ། ཚོགས་གཙོ་གྲེས་གཞོན་གཉིས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་འཛུགས་རྒྱུ། དེ་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་འཚོགས་རྒྱུ་སོགས་གལ་འགངས་ཆེན་པོར་བརྩིས་ཏེ་འགུལ་སྐྱོད་གཅིག་མ་བསྐྱོན་ན་འོས་འགན་བཟོད་ཐབས་མེད་པའི་གནས་སུ་གྱུར་ཡོད་པར་བརྟེན། སྤྱི་འཐུས་ཚང་མས་དམ་བཅའ་ཕུལ་ཐུབ་ཐབས་སུ་འདི་ནས་མཐུན་འགྱུར་ཞུ་བཞིན་ཡོད་བཅས་བཀོད་འདུག

གཞན་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་བཅའ་ཁྲིམས་རིན་པོ་ཆེའི་མདུན་དུ་དམ་བཅའ་འབུལ་མཁན་ཚོས་བར་བརྒལ་ཚོགས་གཙོའི་དྲུང་དུ་དམ་བཅའ་འབུལ་མི་དགོས་པའི་རྒྱུ་མཚན་བགྲངས། ད་ལྟའི་ཆར་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གང་འདྲ་ཞིག་ལ་འགྱུར་མིན་དང་ཚོགས་གཙོ་ཚོགས་ཚོགས་གཞོན་གཉིས་འོས་འདེམས་ཐུབ་རྒྱུ་ཡིན་མིན་གྱི་ཐག་གཅོད་རྣམས་སྤྱི་ཁྱབ་འོས་བསྡུ་འགན་འཛིན་གྱིས་ཚོགས་དྲུང་ལ་གྲོས་སྡུར་གྱིས་རིམ་བཞིན་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG