ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབར་མར་དྲག་པོའི་གྱེན་ལངས་བྱུང་སྟེ་སྲིད་དབང་བཟུང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འབར་མའི་དམག་གི་འགོ་ཁྲིད་ཚོས་གཟའ་ཟླ་བའི་ཞོགས་པར་དམངས་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་དང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨཱང་སན་སུ་ཅཱི་དང་སྲིད་འཛིན་དབུས་པའི་དམངས་གཙོ་མཉམ་འབྲེལ་ཚོགས་པའི་འགོ་ཁྲིད་ཚོ་འཛིན་བཟུང་བཀག་ཉར་བྱས་ཏེ་ཡུལ་དེའི་དབང་ཤུགས་ཆེ་བའི་དམག་དཔུང་གི་འགོ་ཁྲིད་ཚོས་སྲིད་དབང་རྩིས་ལེན་དང་རྒྱལ་ཁབ་དེ་ཛ་དྲག་གི་གནས་སུ་ལྷུང་ཡོད་ཅེས་དམག་དཔུང་གིས་སྲིད་གཞུང་ལ་དོ་དམ་བྱེད་བཞིན་པ་གཞུང་གཉེར་བརྙན་འཕྲིན་ཐོག་ཏུ་གསལ་བསྒྲགས་སྤེལ་ཡོད་པ་རེད།།

ཨཱང་སན་སུ་ཅཱིའི་ཕྱོགས་གཏོགས་དམངས་གཙོ་མཉམ་འབྲེལ་ཚོགས་པའི་ངོ་དེབ་ཀྱི་ཐོག་ཏུ་དྲག་པོའི་སྲིད་འགྱུར་ཡོང་སྲིད་པའི་ཚོད་དཔག་གིས་སྔོན་ནས་གྲ་སྒྲིག་ཟིན་པའི་གསལ་བསྒྲགས་ཤིག་སྤེལ། གསལ་བསྒྲགས་དེར་ཨཱང་སན་སུ་ཅཱིས་མི་དམངས་ཀྱིས་དྲག་པོའི་སྲིད་དབང་ལ་ངོས་ལེན་བྱེད་ཀྱི་མེད་ཅེས་གསུངས་པ་ལུང་འདྲེན་བྱས་ཤིང་། འབར་མར་ན་ནིང་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་བྱས་པའི་འོས་འདེམས་ཀྱི་འབྲས་བུར་དམངས་གཙོ་མཉམ་འབྲེལ་ཚོགས་པར་གྲོས་ཚོགས་སུ་འཐུས་མིའི་གདན་གྲངས་མང་བའི་རྒྱལ་ཁ་ཐོབ་སྟེ་གཟའ་ཟླ་བའི་ཉིན་སྲིད་གཞུང་གསར་པ་དབུ་འཛུགས་ཀྱི་གསལ་བསྒྲགས་གནང་འཆར་ཡོད་པ་དེའི་གོང་གི་ཆུ་ཚོད་ཁ་ཤས་ཤིག་གི་སྔོན་ལ་དམག་གིས་གྱེན་ལངས་བྱས་འདུག འབར་མའི་དམག་གི་གྱེན་ལངས་དེས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མར་དམངས་གཙོ་དར་སྤེལ་གཏོང་ཐབས་སུ་ལོ་ཤས་རིང་འབད་བརྩོན་བྱས་པ་ངལ་བ་འབྲས་མེད་དུ་འགྱུར་རྒྱུ་ཡིན་པ་རེད།།

དྲག་པོའི་དམག་སྤྱི་ཚོས་ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་བྱས་པའི་འོས་འདེམས་ལས་འགུལ་དེ་དྲང་བདེན་ཞིག་བྱུང་མེད་པར་བརྟེན་ལོ་གཅིག་གི་ནང་ཚུད་དུ་དྲང་བདེན་གྱི་འོས་བསྡུ་ཞིག་བསྐྱར་དུ་བྱས་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་བསྒྲགས། འབར་མའི་དམག་གི་གྱེན་ལངས་དེ་བྱུང་བའི་རྗེས་སུ་འབར་མའི་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་གི་ཁ་པར་དང་དྲྭ་རྒྱ། གཞུང་གི་བརྙན་འཕྲིན་སོགས་བཀག་སྡོམ་བྱས་འདུག ན་ནིང་ཕྱི་ཟླ་༡༡་པའི་ཚེས་༨་ཉིན་བྱས་པའི་འོས་འདེམས་ལས་འགུལ་དེ་ནི་༢༠༡༡་ལོར་འབར་མའི་དམག་གི་དབུ་ཁྲིད་ཚོས་དམངས་གཙོ་མཉམ་འབྲེལ་ཚོགས་པ་དང་སྲིད་དབང་མཉམ་སྤྱོད་བྱ་རྒྱུར་མོས་མཐུན་བྱས་པའི་རྗེས་སུ་༢༠༡༥་ལོར་ཨཱང་སན་སུ་ཅཱིས་སྲིད་དབང་བཟུང་སྟེ་འོས་འདེམས་ལས་འགུལ་སྤེལ་བ་ཐེངས་གཉིས་པ་ཡིན་ཞིང་། འོས་བསྡུའི་སྐབས་སུ་དམངས་གཙོ་མཉམ་འབྲེལ་ཚོགས་པར་འོས་གྲངས་བརྒྱ་ཆ་༨༣་ཐོབ་ཡོད་པ་དང་རྒྱལ་ཁ་དེ་ནི་དྲག་པོའི་དམག་གི་བཟང་བཙོན་ནས་ཐར་བའི་ལྕམ་སུ་ཅཱི་ལ་མི་མང་གིས་དགའ་མོས་དང་ཁོང་གིས་དབུ་ཁྲིད་པའི་དམངས་གཙོའི་སྲིད་གཞུང་ལ་རྒྱབ་སྐྱོར་ཡོད་པ་མཚོན་ཐུབ། ལྕམ་སུ་ཆིས་དེའི་གོང་དུ་ངོ་དེབ་ཐོག་ལ་འོས་འདེམས་ཀྱི་གྲུབ་འབྲས་ལ་རྩིས་མེད་གཏོང་བའི་དམག་དོན་མི་སྣའི་བྱེད་ཕྱོགས་དེ་དག་གིས་འབར་མ་བསྐྱར་དུ་སྲིད་དབང་སྒེར་སྤྱོད་ཀྱི་དྲག་པོའི་སྲིད་དབང་གི་དུས་སྐབས་དེར་ཕྱིར་ལོག་བྱ་རྒྱུ་ཡིན་པས་མི་མང་གིས་ཁས་ལེན་རྒྱུ་མ་རེད་ཅེས་གསུངས་འདུག

གཟའ་ཟླ་བའི་ཞོགས་པར་དམག་དཔུང་གི་གྱེན་ལོག་བྱུང་བའི་རྗེས་སུ་དྲག་པོའི་་སྲིད་གཞུང་གི་རྒྱབ་སྐྱོར་བ་ཚོས་རྒྱལ་སའི་ནང་དུ་དགའ་སྟོན་བྱེད་བཞིན་ཡོད་ཀྱང་དམངས་གཙོའི་ལམ་ལུགས་རྩོད་ལེན་བྱེད་མཁན་སློབ་ཕྲུག་གི་འགོ་ཁྲིད་གྲགས་ཅན་ཞིག་གིས་ང་ཚོའི་རྒྱལ་ཁབ་འདིར་དམངས་གཙོའི་གཤོག་པ་གསར་དུ་སྐྱེ་བཞིན་པར་བསྐྱར་དུ་བར་ཆད་བྱུང་སོང་ཞེས་སེམས་སྡུག་གི་ཀློང་ཏུ་ལྷུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མ་དམངས་གཙོའི་རྒྱལ་ཁབ་ཞིག་ཏུ་འགྱུར་རྒྱུའི་ཆེད་དུ་ཉེ་བའི་ལོ་ཤས་རིང་མ་རྩ་འཛུགས་འཇོག་སོགས་དཔལ་འབྱོར་གྱི་མཐུན་རྐྱེན་བསྐྲུན། སྔོན་ཆད་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་ཁག་མེད་པར་བཟོས་ཀྱང་ད་ལྟ་བསྐྱར་དུ་དམག་དཔུང་གི་གྱེན་ལངས་བྱུང་ཡོད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕྲལ་དུ་སྐྱོན་བརྗོད་བྱེད་བཞིན་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་གསར་པ་ཇཱོ་བྷ་ཌན་ལ་འབར་མའི་ནང་གི་གནས་ཚུལ་དེ་རྣམས་སྙན་སེང་ཞུས་ཟིན་ཞིང་། འབར་མར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་ཨ་རིའི་སྤྱི་དམངས་ཚོས་བདེ་འཇགས་ལ་གཟབ་ནན་བྱ་དགོས་པའི་བརྡ་ཁྱབ་བཏང་ཟིན་ཡོད་པ་སྟེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པས་ཨ་མི་རི་ཀས་དམངས་གཙོ་དང་རང་དབང་ལ་འདོད་པའི་འབར་མའི་མི་དམངས་ལ་རྒྱབ་སྐྱོར་ཡོད། དྲག་པོའི་མི་སྣ་ཚོས་གྱེན་ལངས་བྱས་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་གྱེན་ལངས་དེར་སྐྱོན་བརྗོད་དང་མི་མང་གི་འདོད་མོས་ལ་བརྩི་བཀུར་བྱ་དགོས་ཅེས་གསུངས་ཡོད་པ་མགྲིན་ཚབ་པས་འགྲེལ་བརྗོད་གནང་འདུག དེ་བཞིན་ཨོ་གླིང་རྒྱལ་ཁབ་དང་རྒྱ་གར། སིངྒ་པུར་བཅས་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་སྐྱོན་བརྗོད་དང་འབར་མར་དཔལ་འབྱོར་ཐོགས་རམ་ཆེ་ཤོས་སྤྲོད་མཁན་ཉི་ཧོང་གིས་གནས་སྟངས་དེར་དོ་སྣང་བྱེད་བཞིན་ཡོད་ཅེས་བསྒྲགས་འདུག

XS
SM
MD
LG