ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིམ་ཇོང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དཀའ། 


༄༅།། དཀྱིལ་ཤར་ས་ཁུལ་དུ་བཅའ་སྡོད་བྱང་ཀོ་རི་ཡའི་གཞུང་ཚབ་པ་རུའི་ཡོན་ཝུས་ལྷོ་ཀོ་རི་ཡར་མགོ་བཏགས་ཞུས། ཁ་སང་ཕྱི་ཟླ་དང་པོའི་ཚེས་༣༡་ཉིན་རུའི་ཡོན་ཝུས་གསར་འགོད་པའི་བཅར་འདྲི་ཐེངས་དང་པོར་དྲིས་ལན་བྱས་པའི་སྐབས་སུ་བརྗོད་པ་ལྟར་ན། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་ཇོང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་མི་སྲིད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ནས་དམར་ཤོག་རྒྱལ་ཁབ་དེའི་དཔལ་འབྱོར་ལ་གྱོང་གུད་ཚབས་ཆེན་ཞིག་ཕོག་འདུག ཀིམ་ཇོང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་ཉུང་དུ་བཏང་ནས་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕྱིར་འཐེན་བྱེད་དུ་འཇུག་སྲིད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ནི་དམར་ཤོག་སྲིད་གཞུང་དེ་འཚོ་གནས་ཐུབ་མིན་གྱི་འགག་རྩར་ཐུག་ཡོད། ཀིམ་ཇོང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་མེད་པར་བཏང་ན་སྲིད་དབང་འཆོར་རྒྱུ་ཡིན་པ་ལོས་ཤེས། ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་བྱང་ཀོ་རི་ཡར་གྲོས་མོལ་བྱས་དུས་རྒྱལ་ཁབ་དེའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་ལངས་ཕྱོགས་བཟུང་སྟེ་རང་ཉིད་ཕྱི་ནུར་རྒྱག་ས་མེད་པར་གཏོང་གི་འདུག ཨ་མི་རི་ཀས་རང་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་ཐུབ་པ་ཇི་བཞིན་ཀིམ་ཇོང་ཨུན་གྱིས་ཀྱང་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད།།

བྱང་ཀོ་རི་ཡའི་གཞུང་ཚབ་པ་ཟུར་པ་རུའི་ཡོན་ཝུ་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་གནས་འཁོད་བྱེད་ཡོད་ཅིང་། ཁོ་པ་བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣ་ལྷོ་ཀོ་རི་ཡར་མགོ་བཏགས་ཞུ་མཁན་མཐོ་ཤོས་དེ་རེད། ཉེ་བའི་ལོ་ཤས་ཤིག་ནས་བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣ་མང་དག་ཅིག་འཕྲོ་རིམ་འཕྲོར་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་སོང་སྟེ་མགོ་བཏགས་ཞུས་ཡོད་པ་སྟེ། ༢༠༡༩་ལོར་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་བཅའ་སྡོད་བྱང་ཀོ་རི་ཡའི་ཆེས་མཐོའི་ཕྱི་འབྲེལ་མི་སྣ་ཞིག་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་སོང་སྟེ་མགོ་བཏགས་ཞུས། ༢༠༡༦་ལོར་དབྱིན་ཡུལ་དུ་བཅའ་སྡོད་བྱང་ཀོ་རི་ཡའི་གཞུང་ཚབ་པ་གཞོན་པ་ཐེ་དབྱོང་ཧོ་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་སོང་སྟེ་མགོ་བཏགས་ཞུས་པར་མ་ཟད། ཁོ་པ་ལྷོ་ཀོ་རི་ཡའི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་། རུའི་ཡོན་ཝུ་དང་བཟའ་ཟླ་བུ་ཕྲུག་རྣམས་༢༠༡༩་ལོའི་ཕྱི་ཟླ་༩་པའི་ནང་དུ་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་སོང་ནས་མགོ་བཏགས་ཀྱང་གནས་ཚུལ་དེ་བདུན་ཕྲག་སྔོན་མ་བར་དུ་ཕྱིར་བསྒྲགས་བྱས་མེད་པ་རེད། རུའི་ཡོན་ཝུ་བཟའ་ཚོ་གཉིས་ཀྱིས་རང་གི་བུ་མོར་མདུན་ལམ་བཟང་པོ་ཞིག་བསྐྲུན་རྒྱུའི་ཆེད་དུ་ཁུ་ཝེ་ཐེར་གནས་སྡོད་བྱས་པའི་གོ་སྐབས་བཟུང་ནས་ལྷོ་ཀོ་རི་ཡར་བྲོས་བྱོལ་དུ་འགྲོ་རྒྱུའི་གྲོས་སྡུར་བྱས་འདུག བྱང་ཀོ་རི་ཡའི་གཞུང་ཚབ་པ་ཟུར་པ་དེས་ང་ཚོ་བྲོས་བྱོལ་དུ་འགྲོ་རྩིས་ཡོད་པ་ཤེས་རྟོགས་བྱུང་ཚེ། ཀིམ་ཇོང་ཨུན་གྱི་གསང་ཉུལ་ཚོས་ང་ཚོ་འཕྲལ་དུ་བྱང་ཀོ་རི་ཡར་ཁྲིད་ནས་ཁྲིམས་གཅོད་དྲག་པོ་འཕོག་ངེས་རེད། ལྷོ་ཀོ་རི་ཡར་མགོ་བཏགས་ཞུས་པ་ནི་བྱང་ཀོ་རི་ཡར་མཚོན་ན་ངོ་ཚ་ཆེན་པོ་ཞིག་ཡིན་པས་ལས་སླ་པོར་འཇོག་མི་སྲིད། ང་ཚོས་བུ་མོ་སློབ་གྲྭར་སྐྱེལ་ཁུལ་བྱས་ནས་བུ་མོར་ལམ་ཐོག་ཏུ་འཆར་གཞི་དེ་བཤད་པ་ཡིན། ངས་བུ་མོར་ཨ་ཕ་དང་ཨ་མའི་མཉམ་དུ་རང་དབང་འཚོལ་དུ་འགྲོ་ཞེས་བཤད་པ་ཡིན། བུ་མོ་སྐྲག་སྟེ་བླ་ཁྱེར་པ་ལྟར་གྱུར་ཏེ་ཡ་ཟེར་བ་ལས་སྐད་ཆ་གཞན་པ་ཚིག་གཅིག་ཐོན་མ་སོང་། ངས་ཆུང་མ་དང་བུ་མོ་གཉིས་ཁྲིད་ནས་ཁུ་ཝེ་ཐེར་བཅའ་སྡོད་ལྷོ་ཀོ་རི་ཡའི་གཞུང་ཚབ་ཁང་ལ་སྲིད་དོན་སྐྱབས་བཅོལ་ཞུ་རུ་བྲོས་པ་ཡིན། ང་ཚོ་ཉིན་འགའི་རྗེས་སུ་ལྷོ་ཀོ་རི་ཡར་སླེབས་སོང་ཞེས་བཤད།།

བྱང་ཀོ་རི་ཡའི་གཞུང་ཚབ་པ་ཟུར་པ་རུའི་ཡོན་ཝུས་མུ་མཐུད་དུ་བཤད་པ་ལྟར་ན། ལྷོ་ཀོ་རི་ཡར་མགོ་བཏགས་ཞུ་མཁན་ཚོས་བྱང་ཀོ་རི་ཡར་ལུས་ཡོད་པའི་ཕ་མ་སྤུན་མཆེད་དང་ཉེ་འབྲེལ། གྲོགས་པོ་གྲོགས་མོ་དང་ཡུན་རིང་གི་ངོ་ཤེས་སོགས་ལ་འབྲེལ་བ་ཡོངས་སུ་བཅད་ནས་བློས་གཏོང་ཆེན་པོ་ཞིག་བྱ་དགོས། ཀིམ་ཇོང་ཨུན་གྱི་དམར་ཤོག་སྲིད་གཞུང་གིས་ལྷོ་ཀོ་རི་ཡར་མགོ་བཏགས་ཞུ་མཁན་ཚོའི་ཕ་མ་སྤུན་མཆེད་དང་ཉེ་དུ་ཡོངས་ལ་ཁྲིམས་གཅོད་བྱེད་ཀྱི་འདུག ལྷག་པར་དུ་ཕྱི་འབྲེལ་མི་སྣ་མགོ་བཏགས་ཞུ་མཁན་ཚོའི་བཟའ་མི་ཚོར་སྡང་ཟུག་ཆེ། བྱང་ཀོ་རི་ཡའི་གཞུང་གིས་ཕྱི་རྒྱལ་ལ་གཏོང་གི་ཡོད་པའི་ཕྱི་འབྲེལ་མི་སྣ་མང་དག་ཅིག་གིས་བུ་ཕྲུག་རྣམས་ཤུལ་དུ་བསྐྱུར་དགོས། དེ་ནི་ཁོ་ཚོས་ལྷོ་ཀོ་རི་ཡར་མགོ་བཏགས་ཞུས་ནས་བྲོས་བྱོལ་དུ་འགྲོ་མི་ཐུབ་པའི་གཏའ་མ་ལྟ་བུ་ཞིག་རེད། བྱང་ཀོ་རི་ཡར་མ་གཏོགས་དུས་རབས་༢༡་པ་འདིར་བྲན་གཡོག་ལམ་ལུགས་ཀྱི་རྒྱུག་པ་ལེབ་རྡུང་གི་ཁྲིམས་གཅོད་བྱེད་སྲོལ་ཞིག་ཡོད་རྒྱུ་མ་རེད། ད་ལྟ་ངའི་བློ་འཚབ་ཆེ་ཤོས་ནི་ལོ་ན་༨༣་ལ་སོན་པའི་ཨ་མ་དང་སྤུན་མཆེད་གསུམ་བྱང་ཀོ་རི་ཡར་ལུས་ཡོད་པ་རྣམས་ཡིན། ཁོ་ཚོ་ཡུན་རིང་འཚོ་གནས་ཐུབ་པ་དང་ཁྲིམས་གཅོད་མྱོང་མ་དགོས་ན་བསམ་ཡོད། ཨ་མ་དང་སྤུན་མཆེད་ཚོར་ཁྲིམས་གཅོད་བྱ་རྒྱུ་རེད་བསམ་ན་སེམས་ལ་ན་ཟུག་ལྡང་གི་འདུག ངའི་ཆུང་མའི་ཕ་མ་རྒན་རྒོན་གཉིས་ཀྱང་ཕིང་དབྱང་ན་ལུས་ཡོད་པར་སེམས་ཁྲལ་ཆེ། རུ་ཡོན་ཝུ་དང་ཆུང་མ་གཉིས་ཀ་བྱང་ཀོ་རི་ཡའི་མཐོ་རིམ་དྲག་གྲས་ཀྱི་ཁྱིམ་ཚང་ཁག་ནས་ཡིན་ཞིང་། ཆུང་མའི་ཨ་ཕ་ནི་ལས་ཁུངས་༣༩་པ་ཞེས་ཀིམ་ཁྱིམ་ཚང་ལ་འགྲོ་གྲོན་འདུ་འགོད་ཁང་གི་འགན་འཛིན་ཟུར་པ་ཡིན་འདུག

རུའི་ཡོན་ཝུས་བྱང་ཀོ་རི་ཡས་རང་གི་གཞུང་ཚབ་ཁང་དེ་དག་བརྒྱུད་ནས་ནག་ཚོང་བརྒྱབ་སྟེ་རྒྱལ་ཚོགས་ཀྱི་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ལ་གཡོལ་ཐབས་བྱེད་ཀྱི་འདུག ང་ཚོར་ཕྱི་འབྲེལ་གྱི་ལས་དོན་བསྒྲུབ་རྒྱུའི་སྦྱོང་བརྡར་སྤྲད་ཀྱང་དེའི་ཞོར་དུ་ནག་ཚོང་བརྒྱབ་སྟེ་ཀིམ་ཁྱིམ་ཚང་གི་འགྲོ་གྲོན་དངུལ་སྒོར་སྨར་པོ་འདུ་འགོད་བྱེད་དགོས་པའི་ལས་འགན་ཡོད། བྱང་ཀོ་རི་ཡའི་གཞུང་ཚབ་ཁང་དེ་དག་གིས་འདུ་འགོད་བྱས་པའི་དངུལ་སྒོར་རྣམས་ཀིམ་ཁྱིམ་ཚང་གི་འགྲོ་གྲོན་གཏོང་གི་ཡོད་པ་རེད། ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་ཁུ་ཝེ་ཐེ་གཅིག་པུར་བྱང་ཀོ་རི་ཡའི་ངལ་རྩོལ་བ་༡༠༠༠༠་ཡས་མས་ཤིག་ཡོད་པ་རྣམས་བྱང་ཀོ་རི་ཡའི་གཞུང་ལ་དངུལ་སྒོར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཡིན། བྱང་ཀོ་རི་ཡའི་ངལ་རྩོལ་བ་རྣམས་བྲན་གཡོག་ལྟར་སྡུག་ལས་སུ་བཀོལ་ནས་གླ་ཕོགས་ཕལ་ཆེ་བ་བྱང་ཀོ་རི་ཡའི་གཞུང་གིས་བསྡུས་ཏེ་རྡུལ་ཕྲན་མཚོན་ཆ་བཟོ་བ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་སོགས་ཀྱི་འགྲོ་གྲོན་གཏོང་གི་ཡོད་པ་རེད། ཁུ་ཝེ་ཐེའི་འཕྲོ་ནས་ཁ་ཊར་རྒྱལ་ཁབ་དང་ཨ་རབ་ཚོ་དཔོན་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་བཅས་སུའང་བྱང་ཀོ་རི་ཡའི་ངལ་རྩོལ་བ་འདུག བྱང་ཀོ་རི་ཡའི་ངལ་རྩོལ་བ་རྣམས་སྡུག་ལས་བྱེད་དུ་འགྲོ་ཡུལ་གཙོ་བོ་གཉིས་ནི་རྒྱ་ནག་དང་ཨུ་རུ་སུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོང་ལས་བཀག་སྡོམ་བྱས་ནས་ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་ཕལ་ཆེ་བས་བྱང་ཀོ་རི་ཡའི་ངལ་རྩོལ་བ་རྣམས་ཕྱིར་སློག་བྱས་སོང་ཞེས་བཤད། ཁོ་པ་༢༠༡༠་ནས་༢༠༡༣་བར་དུ་སི་རི་ཡ་བཞག་ནས་བྱང་ཀོ་རི་ཡའི་མཚོན་ཆ་བཙོངས། ཡིན་ནའང་སི་རི་ཡར་ནང་འཁྲུག་ལངས་པའི་རྗེས་སུ་བྱང་ཀོ་རི་ཡའི་གཞུང་གིས་རང་གི་ཕྱི་འབྲེལ་མི་སྣ་རྣམས་ཕྱིར་འཐེན་བྱས་འདུག ཁོ་པ་སི་རི་ཡ་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་བྱང་ཀོ་རི་ཡའི་གཞུང་གིས་སི་རི་ཡར་མཚོན་ཆ་ཅི་ཞིག་བཙོངས་ཡོད་མེད་ཤེས་རྟོགས་བྱུང་མ་སོང་ཞེས་བཤད།།

རུའི་ཡོན་ཝུ་དཀྱིལ་ཤར་ས་ཁུལ་དུ་བསྡད་པའི་ཉམས་མྱོང་དང་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མཐུན་བཞག་པར་དོ་སྣང་ཆེན་པོ་ཞིག་བྱུང་། ཁོ་པས་སྲིད་འཛིན་ཨོ་བྷ་མས་ཨི་རན་ལ་ལག་ལེན་བསྟར་པའི་སྲིད་ཇུས་དེ་ཇཱོ་བྷ་ཌན་ལ་ཕན་ཐོགས་འབྱུང་སྲིད། ཨི་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་གྲོས་མོལ་བྱས་པའི་ཉམས་མྱོང་ལ་གཞིགས་ནས་སྲིད་འཛིན་བྷ་ཌན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་མཁས་པོ་ཞིག་བྱེད་ཐུབ་རྒྱུར་ཐེ་ཚོམ་མེད། ངས་བལྟས་ན་བྱང་ཀོ་རི་ཡར་གྲོས་མོལ་བྱེད་འདོད་ཡོད་པ་དང་རྡུལ་ཕྲན་མཚོན་ཆ་ཉུང་འཕྲི་བྱེད་འདོད་འདུག བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྣམས་རྦད་དེ་མེད་པར་གཏོང་རྒྱུ་ཁག་པོ་རེད། དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ལ་བརྟེན་ནས་༢༠༡༨་ལོར་ཀིམ་ཇོང་ཨུན་དང་ཌོ་ནལ་ཊམ་གཉིས་སིངྒ་པུར་དུ་ཐུག་འཕྲད་བྱུང་བ་རེད་ཅེས་བཤད། ཉམས་ཞིབ་པ་མང་དག་ཅིག་གིས་ཀིམ་ཇོང་ཨུན་གྱིས་ཌོ་ནལ་ཊམ་ལ་ཐུག་འཕྲད་བྱས་པ་ནི་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་ལེགས་གྲུབ་བྱུང་ཞིང་། ཁོ་ཚོས་ཨ་མི་རི་ཀར་སྙོབ་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་ལམ་ལྷོངས་བྱུང་སྟེ་ཌོ་ནལ་ཊམ་ལ་གྲོས་མོལ་བྱེད་དུ་ཡོང་བ་རེད་ཅེས་གླེང་། རུའི་ཡོན་ཝུས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་རྒྱུན་འཁྱོངས་བྱ་དགོས། བྱང་ཀོ་རི་ཡར་གྲོས་མོལ་བྱེད་པའི་དུས་སུ་འགྲོ་བ་མིའི་ཐོབ་ཐང་གླེང་སློང་བྱ་རྒྱུ་འདོར་མི་ཉན། ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡར་གྲོས་མོལ་བྱས་པའི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྣང་མེད་དུ་བཞག་སོང་། བྱང་ཀོ་རི་ཡའི་གཞུང་གིས་ཉུང་མཐར་ཡང་སྐྱེས་པ་དང་བུད་མེད། ཕྲུ་གུ་བཅས་སྲིད་དོན་བཙོན་པ་༡༢༠༠༠༠་ལྷག་བཙོན་སྒར་ཁག་ཏུ་བཅུག་ཡོད་ཤས་ཆེ། འགྲོ་བ་མིའི་ཐོབ་ཐང་ནི་བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་ལ་ཚོར་སྐྱེན་རྣོ། འདི་ནི་ཀུན་སྤྱོད་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན་ཞེས་བཤད་འདུག

XS
SM
MD
LG