ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་དཀར་ནག་གི་འགོག་ཁབ་དང་དེའི་ཤུགས་རྐྱེན།


༄༅།། ཨ་རི་དང་ཡུ་རོབ། ཉི་ཧོང་དང་ཀོ་རི་ཡ་སོགས་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་ཧྥེ་ཛར་དང་མོར་ཌེ་ན་སྨན་སྦྱོར་བཟོ་ཚོང་ཁང་སོགས་ཀྱིས་བཟོས་པའི་འགོག་ཁབ་རྣམས་སྔོན་ནས་མངགས་ཉོ་ཟིན་ཞིང་། འཛམ་གླིང་གི་ཡར་རྒྱས་འགྲོ་བཞིན་པ་དང་དབུལ་ཕོངས་རྒྱལ་ཁག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཉོ་རྒྱུ་མེད་པར་རྒྱ་གར་དང་རྒྱ་ནག ཨུ་རུ་སུ་བཅས་ཀྱིས་བཟོས་པའི་འགོག་ཁབ་ལ་རེ་ལྟོས་འཆང་དགོས་པའི་གནས་སུ་ལྷུང་། རྒྱ་དཀར་ནག་གཉིས་ཀྱིས་རྒྱལ་ཁབ་གང་ལ་འགོག་ཁབ་ཕྱིར་ཚོང་བྱ་རྒྱུ་ཡིན་མིན་ནི་འགོག་ཁབ་བཙོང་ཡུལ་རྒྱལ་ཁབ་དེར་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཕྱི་འབྲེལ་བཅས་ཀྱི་ཤུགས་རྐྱེན་ཅི་ཙམ་ཐེབས་ཐུབ་རྒྱུ་ཡིན་མིན་ལ་རག་ལས་ཡོད་པ་སྟེ། ཨ་རིའི་ཕྱི་འབྲེལ་སློབ་སྟོན་ཉམས་ཞིབ་ཁང་གི་འཕྲོད་བསྟེན་མཁས་པ་ཧོང་ཡན་ཀྲུང་ཞེས་པ་ཞིག་གིས་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱིས་འགོག་ཁབ་བརྒྱུད་ནས་ཕྱི་སྲིད་ཀྱི་དམིགས་ཡུལ་བསྒྲུབ་ཐབས་བྱེད་ཀྱི་ཡོད་པ་ཁོ་ན་མ་རེད། ཕྱི་འབྲེལ་གྱི་ཤུགས་རྐྱེན་ཐེབས་པའི་ཞོར་དུ་རྒྱ་དཀར་ནག་གི་ཚོང་ལས་རྒྱ་སྐྱེད་དང་རྒྱལ་ཁབ་གཞན་གྱི་ཁྲོམ་རའི་ནང་དུ་སླེབས་ཐུབ་པའི་ཁེ་ཕན་ཡང་སྒྲུབ་ཀྱི་འདུག ཨ་རི་དང་འཇར་མན་ཎི། དབྱིན་ཇི་སོགས་ཀྱིས་བཟོས་པའི་འགོག་ཁབ་མ་ཐོབ་པའི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་རྒྱ་དཀར་ནག་གཉིས་སྨན་ཁབ་ཉོ་ས་ཡག་པོ་ཞིག་ཡོང་གི་འདུག་ཅེས་བཤད།།

རྒྱ་གར་གྱིས་བལ་ཡུལ་ལ་འགོག་ཁབ་༡༠༠༠༠༠༠་དང་བངྒ་ལ་འགོག་ཁབ་༢༠༠༠༠༠༠། འབྲུག་ཡུལ་ལ་འགོག་ཁབ་༡༥༠༠༠༠་དང་མལ་དྷིབ་ལ་འགོག་ཁབ་༡༠༠༠༠༠༠། འབར་མར་འགོག་ཁབ་༡༥༠༠༠༠༠་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་འགོག་ཁབ་༢༠༠༠༠༠༠་བཅས་འབྲེལ་ཡོད་རྒྱལ་ཁབ་ཁག་གི་མངགས་ཉོ་བྱས་པ་ལྟར་བཙོངས། དབྱིན་ཇིའི་ཨེ་སི་ཊ་ར་ཛེ་ན་ཁ་དང་ཨོཀ་སི་ཧྥོར་ཌི་སློབ་ཆེན་གཉིས་ཀྱིས་བཟོས་པའི་འགོག་ཁབ་དེ་རྒྱ་གར་གྱི་སེ་རམ་སྨན་སྦྱོར་བཟོ་ཚོང་ཁང་ལ་བཟོ་རུ་བཅུག་ཡོད་ཅིང་། ད་དུང་རྒྱ་གར་གྱི་བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་ཅིག་ཀྱང་ཡོད་པས་རྒྱ་གར་གཞུང་གིས་ཛ་དྲག་གི་སྨན་བཅོས་ཆེད་དུ་འགོག་ཁབ་དེ་དག་རྒྱག་ཆོག་པའི་ཆོག་མཆན་བཀོད། ད་སྔ་རྒྱ་གར་གྱི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ། འཕྲོད་བསྟེན་ལས་སྣེ་ས་ཡ་མང་པོར་འགོག་ཁབ་བརྒྱབ་ཡོད་ཟིན། བྷ་ར་ཏ་སྨན་སྦྱོར་བཟོ་ཚོང་ཁང་གིས་འགོག་ཁབ་དེ་མི་ཁག་ཅིག་ལ་འཕྲོད་ཀྱི་མེད་པའི་གནས་ཚུལ་ཐོན། ལྷོ་ཨེ་ཤི་ཡའི་ཆབ་སྲིད་ཉམས་ཞིབ་པ་ཨ་ཁཱིལ་བྷེ་རི་ཞེས་པ་ཞིག་གིས་བཤད་པ་ལྟར་ན། འགོག་ཁབ་ནི་རྒྱ་གར་གྱི་འཇབ་སྟོབས་རེད། འགོག་ཁབ་བརྒྱུད་ནས་རྒྱ་གར་གྱི་མཐུན་གྲོགས་གསར་པ་བསྒྲིག་ཐུབ་པ་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གྱི་ཆེ་མཐོང་ཡར་རྒྱས། རྒྱ་གར་ལ་ལྟ་སྟངས་ཇེ་ལེགས་སུ་འགྲོ་བའི་ཕན་ཐོགས་ཆེན་པོ་འབྱུང་གི་འདུག རྒྱ་ནག་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་བཏང་བའི་ལྟ་སྟངས་ངན་པ་ཞིག་ཡོད་པ་གཙང་བཟོ་བྱ་ཐབས་བྱེད་བཞིན་འདུག ལྡི་ལི་གསར་པས་འཛམ་གླིང་ཡོངས་ལ་ཚབས་ཆེའི་ནད་ཡམས་ཤིག་ཁྱབ་ནས་དཀའ་ངལ་འཕྲད་པའི་དུས་སུ་རྒྱ་གར་ནི་སྐྱིད་སྡུག་མཉམ་མྱོང་གི་འགན་འཁྲི་ལེན་ཐུབ་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བཟང་ཕྱོགས་ཀྱི་རྣམ་པ་ཞིག་སྟོན་ཐབས་ལ་འབད་བརྩོན་བྱེད་ཀྱི་འདུག རྒྱ་གར་གྱིས་བངྒ་ལ་དང་སིངྒ་ལ་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གཏོང་ཕོད་ཀྱི་སྒོ་ནས་འགོག་ཁབ་གཏོང་གི་ཡོད་པར་དགེ་མཚན་ཆེ། རྒྱ་གར་གྱི་སྤྱི་དམངས་ཐོབ་ཐང་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་རྒྱ་གར་དང་བངྒ་ལའི་འབྲེལ་བ་སྡུག་ཏུ་སོང་ཞིང་། སིངྒ་ལའི་སྲིད་འཛིན་དང་སྲིད་བློན་གྱི་གོ་གནས་གཉིས་ཀ་ར་ཇ་པཀ་སི་ཕུ་ནུ་ཟུང་གིས་བཟུང་འདུག ར་ཇ་པཀ་ས་ཕུ་ནུ་གཉིས་རྒྱ་ནག་ལ་འབྲེལ་བ་བཟང་། རྒྱ་གར་གྱིས་སིངྒ་ལར་འགོག་ཁབ་མང་པོ་ཞིག་གཏོང་ཐུབ་མེད་ཀྱང་རྒྱལ་ཁབ་དེར་འགོག་ཁབ་མེད་པའི་དཀའ་ངལ་ཆེན་པོ་ཞིག་སེལ་ཐུབ། སིངྒ་ལའི་གཞུང་གིས་འགྲོ་གྲོན་དང་མཐུན་རྐྱེན་དེ་རྣམས་དམིགས་སྒོ་གཞན་ལ་གཏོང་ཆོག་པའི་ཕན་ཐོགས་བྱུང་འདུག་ཅེས་བཤད།།

རྒྱ་ནག་གིས་རང་གི་འགོག་ཁབ་དེ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཚོང་འགྲེམ་དང་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་བརྒྱབ་ནས་ཚོད་ལྟ། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ས་ཐོག་ཏུ་རྒྱ་ནག་གི་འགོག་ཁབ་བཟོ་རུ་འཇུག་རྒྱུ། རྒྱ་ནག་གི་སྲིད་འབྱོར་རིག་གསུམ་གྱི་ཤུགས་རྐྱེན་ཁྱབ་ཡུལ་རྒྱལ་ཁབ་དེ་ཚོར་འགོག་ཁབ་སྔོན་ལ་མཁོ་སྤྲོད་བྱ་རྒྱུ། སྨན་རིན་ལག་ཏུ་སྤྲོད་མི་ཐུབ་པའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་བུ་ལོན་བཞག་ནས་སྨན་ཁབ་བཙོང་གི་ཡོད་པ་སྟེ། ཡུ་རེ་ཤི་ཡའི་རྒྱ་ནག་ཉམས་ཞིབ་ཁང་གི་མཁས་པ་ཨ་ལི་སན་ཤཱེར་ལོཀ་ཞེས་པ་ཞིག་གིས་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། རྒྱ་དཀར་ནག་གིས་འགོག་ཁབ་བརྒྱུད་ནས་ཤུགས་རྐྱེན་ཐེབས་ཐབས་ཀྱི་འགྲན་རྩོད་འདིར་རྒྱ་ནག་ལ་ཁེ་ཕན་ཆེན་པོ་མི་འདུག རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་པའི་རྒྱལ་ཁབ་ཁག་སྔོན་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་གྱི་ཤུགས་རྐྱེན་འོག་ཏུ་ཚུད་ཟིན་པ་རྣམས་རེད། རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཨིན་རྡུ་ནེ་ཤི་ཡ་དང་ཝྭི་ཏེ་ནམ། ཧྥི་ལི་ཕིན་སོགས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་སླར་གསོ་བྱ་ཐབས་སུ་རྒྱ་ནག་གིས་འགོག་ཁབ་བཀོལ་སྤྱོད་གཏོང་གི་འདུག རྒྱ་དཀར་ནག་གཉིས་ཀས་འགོག་ཁབ་ལ་བརྟེན་ནས་ཆབ་སྲིད་ཀྱི་ལྟ་སྟངས་ཀྱི་ཡག་ཏུ་འགྲོ་རྒྱུ། དེའི་ཞོར་ལ་རང་རང་གི་ཤུགས་རྐྱེན་ཁྱབ་ཐུབ་པའི་དམིགས་ཡུལ་འཆང་འདུག་ཅེས་བཤད། ༢༠༡༩་ལོར་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་རྒྱ་ནག་གཞུང་གིས་སྦས་སྐུང་བྱས་ནས་བཟུང་། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ནི་ཡིད་རྟོན་མི་ཪུང་བ་དང་གཡོ་ཁྲམ་ཆེ་བ། རང་གི་བྱས་ཉེས་ལ་འགན་འཁྲི་མི་ལེན་པའི་རྒྱལ་ཁབ་ཐ་ཤལ་ཞིག་རེད་ཅེས་དོགས་ཟོན་བྱ་དགོས་པ་ཞིག་ཏུ་གྱུར།།

སྲིད་དོན་ཉམས་ཞིབ་པ་ཕལ་མོ་ཆེས་དེང་སྐབས་རྒྱ་དཀར་ནག་གི་འབྲེལ་བ་བཟང་པོ་མེད་པས་ཕྱོགས་གཉིས་ཀས་རྒྱལ་ཁབ་གཞན་ལ་འགོག་ཁབ་མཁོ་སྤྲོད་བྱེད་ཀྱི་ཡོད་པ་འགྲན་སྡུར་གྱི་རྣམ་པ་ཞིག་ལ་མཐོང་རྒྱུ་ཆོས་ཉིད་རེད་ཅེས་བཀྲལ། རྒྱ་དཀར་ནག་གཉིས་ཀས་འཛམ་གླིང་ཡོངས་ལ་ཚབས་ཆེའི་ནད་ཡམས་ཤིག་ཁྱབ་ཡོད་པའི་དུས་སུ་འགོག་ཁབ་ཕྱིར་ཚོང་བྱས་ནས་ནད་དུག་འགོག་ཐབས། ཁོ་ཚོས་རང་གི་ཁེ་ཕན་སྒྲུབ་ཐབས་དང་ཤུགས་རྐྱེན་ཁྱབ་ཐབས་བྱེད་ཀྱི་མེད་ཅེས་ནན་བརྗོད་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་གར་གྱི་གཞུང་ཚབ་པ་ཟུར་པ་ར་ཇིབ་བྷ་ཏ་ཡེས་ཕྱི་ཟླ་དང་པོའི་ཚེས་༡༦་ནས་རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་འགོ་ཚུགས་པར་གྲུབ་འབྲས་ཆེན་པོ་ཞིག་ཐོན་སོང་། ང་ཚོའི་འགོག་ཁབ་རྣམས་གཙོ་བོ་རྒྱ་གར་མི་དམངས་ཀྱི་ཆེད་དུ་རེད། ཡིན་ནའང་རྒྱ་གར་གྱིས་ནམ་ཡང་འཛམ་གླིང་མི་དམངས་རྣམས་བརྗེད་མི་སྲིད། རྒྱ་གར་གྱི་འགོག་ཁབ་རྣམས་མིའི་ན་ཚ་བཅོས་ཐབས་ཁོ་ན་མིན་པར་རྒྱ་གར་གྱི་ཚན་རིག་ལག་རྩལ་ལ་ཆེ་མཐོང་དང་ཡིད་ཆེས་འཕེར་བའི་ཕན་ཐོགས་ཆེན་པོ་འདུག་ཅེས་བཤད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ཡི་ཅན་ལ་རྒྱ་གར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་འགོག་ཁབ་མཁོ་སྤྲོད་བྱེད་ཀྱི་འདུག རྒྱ་ནག་གིས་དེ་ལ་འགྲན་སྡུར་བྱ་འཆར་ཡོད་དམ་ཞེས་དྲིས། ཀྲའོ་ལི་ཅན་གྱིས་འགོག་ཁབ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་འགྲན་སྡུར་ཞིག་ལ་གཏན་ནས་བརྩི་མི་རུང་། ད་ལྟ་འཛམ་གླིང་ཡོངས་ལ་འགོག་ཁབ་འདང་ངེས་མེད་པའི་དཀའ་ངལ་ཆེ། རྒྱ་དཀར་ནག་གཉིས་ཀྱིས་འགོག་ཁབ་བརྒྱུད་ནས་འགྲན་སྡུར་བྱ་རྒྱུ་ལྟ་ཞོག སུ་ཞིག་གིས་ཕན་ནུས་ལྡན་པའི་འགོག་ཁབ་གང་མང་མང་ཞིག་མཁོ་སྤྲོད་བྱེད་ཐུབ་ན་རྒྱ་ནག་གིས་དེ་ལ་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ལན་བཏབ།།

རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འགོག་ཁབ་རིགས་མ་འདྲ་བ་གསུམ་ཛ་དྲག་གི་ཆེད་དུ་རྒྱག་ཆོག་པའི་ཆོག་མཆན་བཀོད། འགོག་ཁབ་གཅིག་མི་དམངས་དཀྱུས་མ་རྣམས་ལ་རྒྱག་རྒྱུ་དང་འགོག་ཁབ་བཞི་པ་དེ་རྒྱ་ནག་གི་དམག་མི་འབའ་ཞིག་ལ་རྒྱག་རྒྱུའི་ཐག་བཅད་འདུག ཨ་རིའི་ཕྱི་འབྲེལ་སློབ་སྟོན་ཉམས་ཞིབ་ཁང་གི་འཕྲོད་བསྟེན་མཁས་པ་ཧོང་ཡན་ཀྲུང་གིས་བཤད་པ་ལྟར་ན། ད་ལྟ་རྒྱ་ནག་གཞུང་གིས་འགོག་ཁབ་ཚོང་འགྲེམ་བྱ་ཡུལ་ལ་གཙོ་ཕལ་གཉིས་ལ་དབྱེ་བ་ཕྱེ། རྒྱ་ནག་མི་དམངས་ལ་འགོག་ཁབ་རྒྱག་རྒྱུ་ཨང་དང་པོར་འཛིན་རྒྱུ་དང་རྒྱ་ནག་གི་འགོག་ཁབ་ཉོ་རྒྱུ་ཡིན་ཞེས་འབའ་ཡིག་བྲིས་ནས་མིང་རྟགས་བཀོད་པའི་རྒྱལ་ཁབ་ཁག་ལ་འགོག་ཁབ་བཙོང་རྒྱུ། གཅིག་བྱས་ན་རྒྱ་ནག་གིས་རྒྱལ་ཁབ་གཞན་ལ་དངུལ་སྒོར་བུ་ལོན་བསྐྱིས་ཏེ་གཞན་ནས་འགོག་ཁབ་ཉོ་རུ་འཇུག་སྲིད་པའི་རྟགས་མཚན་འདུག་ཅེས་བཤད། རྒྱ་དཀར་ནག་གཉིས་ཀར་དཀའ་ངལ་གཅིག་མཚུངས་ཤིག་ཡོད་པ་ནི་དེ་དག་གི་འགོག་ཁབ་རྣམས་ཚད་ལྡན་དང་ཕན་ནུས་ཅན། ཞོར་གནོད་མེད་པ་དང་དགོས་ངེས་ཀྱི་ཚོད་ལྟ་རིམ་པ་གསུམ་བརྒྱུད་ཡོད་མེད། ཚོད་ལྟའི་གྲུབ་འབྲས་དང་ཕན་ནུས། ཞོར་གནོད་སོགས་ཀྱི་གཞི་གྲངས་རྣམས་རང་བཙན་གྱི་ཚན་རིག་པའི་སྡེ་ཚན་ཁག་ལ་བཀྲམ་ནས་ཞིབ་འཇུག་བྱེད་དུ་བཅུག་ཡོད་མེད་ལ་ཐུག་ཡོད་པ་རེད།།

XS
SM
MD
LG