ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་དཀར་ནག་གི་འགལ་ཟླས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཉེན།


༄༅།། རྒྱ་དཀར་ནག་གི་འབྲེལ་བ་ནི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་ཕྱི་ཟླ་དང་པོའི་ཚེས་༢༨་ཉིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཁར་གྱིས་པེ་ཅིང་གི་དབང་འཛིན་པ་ཚོས་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་ཡོད་པའི་ཚུལ་མིན་གྱི་སྤྱོད་པ་ཁག་ཅིག་ཐེར་འདོན་བྱས་ཤིང་། རྒྱ་དཀར་ནག་གི་འབྲེལ་བ་ཞེས་པའི་དྲྭ་ལམ་གྱི་ཚོགས་ཆེན་ཞིག་ཚོགས་པ་དེའི་སྐབས་སུ་སྔ་ལོ་ལ་དྭགས་ཀྱི་ཤར་ཕྱོགས་སུ་རྒྱ་ནག་གིས་འཁྲུག་རྩོད་བསླངས་ཏེ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དོ་ཕོག་ཆེན་པོ་བྱུང་སོང་། ད་ལྟ་རྒྱ་དཀར་ནག་གི་འབྲེལ་བ་ནི་ཛ་དྲག་གི་གནས་སུ་ལྷུང་ཡོད། འདི་ནི་ཕྱོགས་གཉིས་ལ་ཉེན་ཁ་ཡོད་པའི་གནས་ཚུལ་གཅིག་པུ་མིན་པར་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་སྲིད་པའི་གནས་ཚུལ་ཞིག་རེད་ཅེས་གསུངས་འདུག

ཇཱེ་ཤར་ཁར་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཧིན་བོད་ས་མཚམས་ཁག་ལ་དམག་དཔུང་འབོར་ཆེན་ཞིག་འགྲེམ་འཇོག་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་བཤད་གང་ཡང་བྱེད་ཀྱི་མེད་ཅིང་། དེ་བཞིན་ལ་དྭགས་ཤར་ཕྱོགས་སུ་དཔུང་འཛུལ་བྱས་ནས་འཁྲུག་རྩོད་བསླངས་པ། ཁོ་ཚོས་མཚམས་སུ་བཀྲམ་ཡོད་པའི་དམག་དཔུང་ཉུང་འཕྲི་བྱ་རྒྱུུའི་ཁས་ལེན་བྱེད་ཀྱི་མེད་པ་བཅས་ཀྱིས་འགལ་ཟླ་གསར་པ་འདི་བྱུང་བ་རེད། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ས་མཚམས་ཁག་གི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་རྒྱུའི་ཀུན་སློང་འཆང་ཡོད་པ་ཧ་ཅང་གསལ་པོ་རེད། དེས་ན་རྒྱ་གར་གྱིས་ཀྱང་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་ཡོད་པ་གསལ་པོར་རྟོགས་ཐུབ། འོན་ཀྱང་རྒྱ་ནག་གིས་རྒྱ་གར་གྱི་དངོས་སུ་དབང་སྒྱུར་བྱེད་བཞིན་པའི་ས་ཐིག་ཁག་ལ་བརྩི་སྲུང་མ་ཞུས་པར་ཧམ་འཛུལ་གང་བྱུང་བྱེད་ཚེ། རྒྱ་གར་གྱིས་དེ་ལ་ནམ་ཡང་བཟོད་སྒོམ་དང་ཁས་ལེན་བྱེད་ཐུབ་ཐབས་མེད་ཅེས་རྒྱ་གར་གྱི་ལངས་ཕྱོགས་གསལ་པོར་བསྟན།།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤར་ཁར་གྱིས་དྲྭ་ལམ་གྱི་ཚོགས་འདུ་དེ་བརྒྱུད་ནས་རྒྱ་དཀར་ནག་གི་འབྲེལ་བ་སླར་གསོ་འབྱུང་ཐབས་གཙོ་བོ་ནི་ཕྱོགས་གཉིས་ཀར་དངོས་སུ་བདག་དབང་ཡོད་པའི་ས་ཐིག་ཁག་གི་གནད་དོན་ལ་གྲོས་མཐུན་བཞག་པ་རྣམས་བརྩི་སྲུང་དང་ཁས་ལེན་བྱ་དགོས། ཕན་ཚུན་བསམ་ཤེས་དང་གུས་བརྩི་ཞུ་རྒྱུ་གལ་གནད་ཆེ། ན་ནིང་ཕྱི་ཟླ་༤་པའི་ཟླ་མཇུག་ནས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྒྱ་གར་ལ་བདག་དབང་ཡོད་པའི་ས་མཚམས་ཁག་ཏུ་བཙན་འཛུལ་བྱས་ནས་འཁྲུག་རྩོད་ཀྱི་འབྱུང་རྩ་འདི་བསླངས་པ་རེད། དེའི་རྗེས་སུ་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་མི་ཁག་ཅིག་གདོང་ཐུག་སྔ་རྗེས་སུ་བྱུང་སྟེ་རྒྱ་གར་དང་རྒྱ་ནག་གི་དམག་མི་མང་དག་ཅིག་གི་ཚེ་སྲོག་ཤོར། ད་ལྟའི་བར་དུ་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་སུ་ཕྱོགས་གཉིས་ཀྱི་དམག་དཔོན་རིམ་པའི་གྲོས་མོལ་ཐེངས་༩་བྱས་པ་ཡིན། ཉིན་ཤས་གོང་དེར་ལ་དྭགས་ཀྱི་མོལ་དྷོ་ཆུ་ཤུལ་ས་གནས་སུ་རྒྱ་དཀར་ནག་གི་སྐུ་ཚབ་ཚོ་གྲོས་མོལ་ཐེངས་༩་པ་བྱུང་ཡོད། མ་འོངས་པར་ཕྱོགས་གཉིས་ཀྱི་མཐོ་གྲོས་མོལ་བ་ཚོ་གང་མགྱོགས་ཚོགས་འདུ་ཞིག་འཚོགས་ཐབས་བྱ་དགོས་པའི་གྲོས་མཐུན་བྱུང་ཡོད་ཅེས་གསལ་བཤད་གནང་ཡོད་པ་སོགས་ཀྱིས་སྐོར།

XS
SM
MD
LG