ངོ་འཕྲད་བདེ་བའི་དྲ་འབྲེལ།

མེཀ་ཕོམ་ཕིའོ་སྐད་གྲགས་ཅན་གྱི་ཉམས་ཞིབ་ཁང་ཞིག་ཏུ་ཞུགས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཡིས་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་གནད་འགག་ཆེ་བའི་ཧ་ཌི་སིན་ཉམས་ཞིབ་ཁང་དུ་ཕྱག་ལས་གནང་རྒྱུའི་གསལ་བསྒྲགས་སྤེལ་འདུག ཁོང་ནི་སྲིད་འཛིན་ཟུར་ཌོ་ནལ་ཊམ་གྱི་དུས་སྐབས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འགོ་ཁྲིད་མཐོ་ཤོས་ཡིན་ཞིང་། མེཀ་ཕོམ་ཕིའོ་ཡིས་དེ་སྔོན་རྒྱ་ནག་གིས་ཧོང་ཀོང་དང་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་བའི་སྟེང་དུ་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་ལེན་བསྟར་པར་སྐྱོན་བརྗོད་དྲག་པོ་བྱས་འདུག དེས་ན་རྒྱ་ནག་གཞུང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་གཙོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་འགོ་ཁྲིད་ཟུར་པ་༢༨་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་ལ་ཡོང་མི་ཆོག་པའི་ཉེས་ཆད་བཅད། ཡིན་ནའང་ཕྱི་ཟླ་དང་པའི་ཚེས་༢༦་ཉིན་ཨ་རིའི་མིང་གྲགས་ཅན་གྱི་ཧ་ཌི་སིན་ཉམས་ཞིབ་ཁང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཉམས་ཞིབ་ཁང་འདིར་ཕྱག་ལས་གནང་དུ་ཕེབས་ཀྱི་ཡོད་པར་དགའ་བསུ་ཞུ། ཁོང་གིས་མཐོ་རིམ་ཉམས་ཞིབ་པ་ཞིག་གི་འགན་ཁུར་བཞེས་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག འདི་དང་དུས་མཚུངས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་དྲུང་ཆེའི་ལས་རོགས་ཟུར་པ་ཌེ་ཝྭི་ཌི་སི་ཊིལ་ཝེལ་གྱིས་ཀྱང་ཨ་རིའི་ཤར་ནུབ་ཉམས་ཞིབ་ལྟེ་གནས་སུ་ཕྱག་ལས་གནང་རྒྱུའི་ཐག་གཅོད་བྱུང་བའི་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་གིས་ཨ་རིའི་མཐོ་རིམ་འགོ་ཁྲིད་ཟུར་པ་༢༨་ལ་ཉེས་ཆད་བཅད་པ་དེ་དག་གི་གྲས་སུ་འཕྲོད་བསྟེན་དྲུང་ཆེ་ཟུར་པ་ཨེ་ཛར་དང་ཕོ་བྲང་དཀར་པོའི་ཚོང་དོན་སློབ་སྟོན་པ་ཕི་ཊར་ན་ཝྭ་རོ། རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ཨོ་བྷི་རེན་དང་ཇཱོན་བྷོལ་ཊོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཟུར་པ་ཁེ་ལི་ཁེ་ར་ཧྥོ་ཊི། རྒྱལ་སྲུང་སློབ་སྟོན་པ་གཞོན་པ་ཟུར་པ་མཱེ་ཐུ་ཕོ་ཊིན་ཇཱེར། ཕོ་བྲང་དཀར་པོའི་ཐབས་ཇུས་འགན་འཛིན་ཟུར་པ་སི་ཊིབ་བྷེ་ནན་བཅས་འདུས། རྒྱ་ནག་གིས་ཉེས་ཆད་བཅད་པའི་དམིགས་ཡུལ་ནི་ཨ་རིའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཟུར་པ་དེ་དག་གི་མདུན་ལམ་དང་ཆེད་ལས་ལ་གནོན་ཤུགས་ཐེབས་ནས་བར་ཆད་གཏོང་རྒྱུ། ད་དུང་ཨ་རིའི་མཐོ་རིམ་འགོ་ཁྲིད་ཟུར་པ་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཀྱང་རྒྱ་ནག་སྐམ་ས་ཆེན་མོ་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་ལ་ཡོང་མི་ཆོག ཁོ་ཚོར་འབྲེལ་བ་ཡོད་པའི་ཁེ་ལས་ཁག་དང་སྒྲིག་འཛུགས་ཁག་ལ་རྒྱ་ནག་གིས་ཚོང་འབྲེལ་འཛུགས་མི་ཆོག་ཅེས་ཉེས་ཆད་བཅད་མོད། འོན་ཀྱང་རྒྱ་ནག་གི་ཉེས་ཆད་དེར་ནུས་པ་མ་ཐོན་པར་ཕྱི་སྲིད་དྲུང་ཆེ་ཟུར་པ་སོགས་མཐོ་རིམ་ལས་སྣེ་ཟུར་པ་དེ་རྣམས་ཨ་རིའི་གནད་འགག་ཅན་གྱི་ཉམས་ཞིབ་ཁང་དེ་དག་གིས་གདན་འདྲེན་ཞུས་ནས་ཕྱག་ལས་གནང་ཐུབ་ཀྱི་ཡོད་པར་བརྟེན། རྒྱ་ནག་གིས་ཉེས་ཆད་བཅད་པ་ངལ་བ་འབྲས་མེད་དུ་གྱུར་པ་མཚོན་ཐུབ་ཅེས་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དཔྱད་བརྗོད་སྤེལ་འདུག ཕྱི་སྲིད་དྲུང་ཆེ་ཟུར་ཕོམ་ཕིའོ་ཡིས་ཀྱང་ཊོས་ཊར་དྲྭ་ལམ་དུ་ཕྱི་ཟླ་༢་པའི་ཚེས་༡་ནས་ཧ་ཌི་སིན་ཉམས་ཞིབ་ཁང་དུ་ཞུགས་རྒྱུའི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་སོང་། ཉམས་ཞིབ་པའི་ལས་གནས་དེའི་ཐོག་ནས་ཨ་རིའི་འགོ་ཁྲིད་ཀྱི་ནུས་པ་ཡར་རྒྱས་བཏང་སྟེ་འཛམ་གླིང་ཡོངས་ལ་ཕན་ཐོགས་ཡོད་པའི་ལས་དོན་ཞིག་བསྒྲུབ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ་འདུག

ཨ་རིའི་སྲིད་དོན་ཉམས་ཞིབ་པ་མང་དག་ཅིག་གིས་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཉམས་ཞིབ་ཁང་སྐད་གྲགས་ཅན་ཞིག་ལ་ཕེབས་པ་ནི་ཕྱི་ལོ་༢༠༢༤་ལོར་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལང་རྒྱུའི་སྟ་གོན་དང་ཚོད་ལྟའི་ཆེད་དུ་ཡིན་སྲིད་ཅེས་གླེང་། སྲིད་འཛིན་གསར་པ་ཇཱོ་བྷ་ཌན་གྱིས་ལས་ཁུར་དམ་བཅའ་བཞག་པའི་ཕྱི་ཉིན་དེར་མེཀ་ཕོམ་ཕིའོ་ཡིས་ཊོས་ཊར་དྲྭ་ལམ་དུ་ཉིན་གྲངས་༡༣༨༤་ཞེས་བཀོད། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་ཉིན་གྲངས་དེ་ཏག་ཏག་༢༠༢༤་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་དུས་ཚོད་ལ་ཁེལ་འདུག འདི་ནི་ཁོང་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལང་རྒྱུའི་རྟགས་མཚན་རེད་ཅེས་དཔྱད་བརྗོད་སྤེལ། ཧ་ཌི་སིན་ཉམས་ཞིབ་ཁང་ནི་ཨ་མི་རི་ཀའི་རྙིང་ཞེན་གྱི་ལྟ་བ་འཛིན་པའི་ཉམས་ཞིབ་ཁང་གཙོ་གྲས་ཤིག་ཡིན་པ་སྟེ། ཉམས་ཞིབ་ཁང་དེས་གྲོས་གཞིར་བཏོན་པའི་སྲིད་ཇུས་མང་དག་ཅིག་ཨ་རིའི་སྤྱི་མཐུན་ཚོགས་པས་རྩ་འཛིན་བྱེད་བཞིན་ཡོད་ཅིང་། ཧ་ཌི་སིན་ཉམས་ཞིབ་ཁང་གིས་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་བཅས་སྲིད་དོན་ཚོགས་པ་གཉིས་ཀྱི་སྲིད་འཛིན་ཚོར་སྲིད་ཇུས་གཏན་འབེབས་བྱེད་ཕྱོགས་སུ་ལམ་སྟོན་དང་རྒྱུས་སྟོན་གྱི་སྲི་ཞུ་བསྒྲུབས་མྱོང་ཞེས་སྤོབས་ཉམས་སྟོན། ཁོ་ཚོས་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ལ་གཞན་གྱིས་མིག་དཔེར་བལྟ་འོས་པའི་སྤྱི་དམངས་སྲི་ཞུ་བསྒྲུབས་མྱོང་བའི་ལག་རྗེས་སྟོན་རྒྱུ་འདུག ཁོང་གིས་ང་ཚོའི་རྩ་དོན་རྣམས་རྒྱུན་འཁྱོངས་བྱས་ནས་མཉམ་འབྲེལ་གྱི་གོ་སྐབས་བཟང་པོ་ཞིག་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG