ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱིས་རྒྱ་ནག་གི་རྒྱ་སྐྱེད་ལ་འགོག་རྒོལ་བྱ་རྒྱུའི་བརྡ་བཏང་བ།


༄༅།། ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་སྟེ་བདུན་ཕྲག་གཅིག་གི་རྗེས་སུ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་འགོག་རྒོལ་བྱ་རྒྱུའི་ཉེན་བརྡ་གསལ་པོ་ཞིག་བཏང་འདུག གཟའ་འཁོར་འདིར་སྲིད་འཛིན་བྷ་ཌན་དང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་ཁ་པར་བཏང་ནས་འབྲེལ་མོལ་རིམ་པ་ཞིག་བྱས་པ་དེའི་སྐབས་སུ་ཨ་མི་རི་ཀས་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཐེ་ཝན་དང་ཧྥི་ལི་ཕིན་སོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་གིས་རྒྱ་སྐྱེད་བྱེད་ཀྱི་ཡོད་པར་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་སྐད་ཆ་གསལ་པོ་བཤད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་ཉི་ཧོང་གི་སྲིད་བློན་སཱུ་གྷར་ཁ་པར་བཏང་ནས་ཨ་རིའི་སྲིད་གཞུང་གསར་པས་སན་ཀ་ཁུ་གླིང་ཚོམ་ཚུད་པའི་ཉི་ཧོང་གི་མངའ་ཁོངས་ལ་སྲུང་སྐྱོབ་བྱ་རྒྱུ་དེར་འགྱུར་བ་མེད་ཅེས་སྲིད་གཞུང་སྔོན་མ་ཁག་གི་སྲིད་ཇུས་རྣམས་བསྐྱར་དུ་བཟློས། འདས་པའི་གཟའ་སྤེན་པའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཨོ་སི་ཊོན་དང་ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་བཀའ་མོལ་གནང་སྟེ་ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་ཆིངས་ཡིག་ཁོངས་ནས་རྩོད་གཞི་ཅན་གྱི་གླིང་ཚོམ་དེ་ཚུད་ཡོད། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་གླིང་ཚོམ་དེའི་གནས་བབ་རང་སོར་འཇོག་དགོས། རྒྱལ་ཁབ་གང་ཞིག་གིས་ཕྱོགས་གཅིག་རྐྱང་པས་གླིང་ཚོམ་དེའི་གནས་བབ་ལ་འགྱུར་བ་བཏང་ན་ཨ་མི་རི་ཀས་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་ཡིན་ཞེས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལངས་ཕྱོགས་གསལ་པོར་བསྟན། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་སན་ཀ་ཁུ་གླིང་ཕྲན་གསུམ་ཉི་ཧོང་གི་འཛིན་སྐྱོང་འོག་ཏུ་ཡོད་ཀྱང་རྒྱ་ནག་གིས་གླིང་ཕྲན་དེ་དག་ལ་ཏེའོ་ཡུའི་གླིང་ཕྲན་ཞེས་མིང་བཏགས། གླིང་ཕྲན་དེ་རྣམས་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་དབང་རྩོད་ཀྱི་ཡོད་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཨོ་སི་ཊོན།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཨོ་སི་ཊོན།

ཇཱོ་བྷ་ཌན་གྱིས་སྲིད་དབང་བཟུང་སྟེ་ཉི་མ་གསུམ་གྱི་རྗེས་སུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ང་ཚོས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་བདེ་འཇགས་སྲུང་སྐྱོབ་དང་ཡར་རྒྱས། རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་དམངས་གཙོ་དང་རང་དབང་གི་ལྟ་གྲུབ་དར་སྤེལ་གཏོང་རྒྱུ་ཡིན། ཨ་མི་རི་ཀས་དམངས་གཙོའི་ལམ་ལུགས་ཡར་རྒྱས་གཏོང་རྒྱུ་དེའི་ཁོངས་སུ་ཐེ་ཝན་ཡང་ཚུད་ཡོད། ང་ཚོས་ཐེ་ཝན་ལ་ཁས་ལེན་དམ་བཅའ་བྱས་པ་རྣམས་བྲག་རི་ཇི་བཞིན་བརྟན་པོ་ཡིན་ཞེས་རྒྱ་ནག་གིས་མཚམས་ཚིགས་མེད་པར་གནམ་མཚོ་གཉིས་ནས་ཐེ་ཝན་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པར་ཁ་རྡུང་དྲག་པོ་བཏང་ཞིང་། བྷ་ཌན་གཞུང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུ་མིན་པ་མཚོན་ཐབས་སུ་ཝ་ཤིང་ཊོན་དུ་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་གཞུང་འབྲེལ་གྱིས་གདན་འདྲེན་ཞུས། ཕྱི་ཟླ་དང་པོའི་ཚེས་༢༧་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་ཨན་ཐོ་ཌི་བྷ་ལིན་ཁེན་གྱིས་ཧྥི་ལི་ཕིན་གྱི་ཕྱི་སྲིད་བློན་ཆེན་ལ་ཁ་པར་བཏང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས། ཧྥི་ལི་ཕིན་ལ་རྒྱལ་ཁབ་གང་འདྲ་ཞིག་གིས་བཙན་འཛུལ་བྱས་ཀྱང་ཨ་རི་དང་ཧྥི་ལིན་ཕིན་གྱིས་རྒྱལ་སྲུང་ཆིངས་ཡིག་བཞག་ཡོད་པའི་འབྲུ་དོན་ཁག་བྷ་ཌན་གྱི་གཞུང་གིས་སྒྲུབ་ངེས་ཡིན། ཧྥི་ལི་ཕིན་གྱིས་རང་གི་མངའ་ཁོངས་ཡིན་ཞེས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་རྩོད་ཡུལ་རྣམས་ཧྥི་ལི་ཕིན་གྱི་མངའ་ཁོངས་སུ་གཏོགས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་སྔོན་ཆད་ཨོ་བྷ་མའི་སྲིད་གཞུང་གིས་གསལ་པོར་བཤད་མ་ཐུབ་པ་ཞིག་གསལ་ཁ་གཏད། ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་བདེ་འཇགས་སྲུང་སྐྱོབ་ཐོག་ཏུ་རྒྱ་ནག་ལ་ཁ་གཏད་ནན་པོ་བཅག་པ་རྣམས་བྷ་ཌན་གྱི་སྲིད་གཞུང་གིས་ནམ་ཡང་གཡོལ་གཟུར་བྱ་རྒྱུ་མིན་ཞེས་བཤད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་ཨན་ཐོ་ཌི་བྷ་ལིན་ཁེན།
ཨ་རིའི་ཕྱི་སྲིད་དྲུང་ཆེ་གསར་པ་ཨན་ཐོ་ཌི་བྷ་ལིན་ཁེན།

ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ལ་མངའ་ཁོངས་ཀྱི་རྩོད་གཞི་ཡོད་པ་ལྟར་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུའང་རྒྱ་ནག་དང་ཝྭི་ཏེ་ནམ། ཧྥི་ལིན་ཕིན་དང་མ་ལེ་ཤི་ཡ། བྷུ་རུ་ནེ་དང་ཐེ་ཝན་བཅས་ལའང་མངའ་ཁོངས་ཀྱི་རྩོད་གཞི་ཆེ། སྔ་ལོ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་ཡིས་རྒྱ་ནག་གིས་རང་གི་མངའ་ཁོངས་ཡིན་ཞེས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྩོད་ཀྱི་ཡོད་པ་ཕལ་ཆེ་བ་ཁྲིམས་འགལ་རེད་ཅེས་བསྒྲགས། ད་ལྟ་བྷ་ཌན་གྱི་སྲིད་གཞུང་གིས་སྲིད་གཞུང་སྔོན་མའི་ལངས་ཕྱོགས་རྣམས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་མ་ཟད། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཕྱིའི་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བློན་ཆེན་ཚོར་བཀའ་མོལ་གནང་བ་དེའི་ཁོངས་སུ་ཉི་ཧོང་གཅིག་པུ་མ་ཡིན་པར་ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ། རྒྱ་གར་བཅས་ཀྱི་རྒྱལ་སྲུང་བློན་ཆེན་རྣམས་ཚུད་འདུག གཟའ་ལྷག་པའི་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ལ་ཁ་པར་བཏང་ནས་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་གར་ལ་རྒྱལ་སྲུང་འཐབ་ཇུས་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་ཡོད་པ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ང་ཚོས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཐུན་མོང་གི་ལྟ་གྲུབ་ཁྱབ་སྤེལ་བཏང་སྟེ་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུ་ཡར་རྒྱས་གཏོང་དགོས་ཞེས་ནན་བརྗོད་བྱས་འདུག རྒྱ་གར་བྱང་ཕྱོགས་ཀྱི་ཧིན་བོད་ས་མཚམས་དང་རྒྱ་གར་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་རྒྱ་ནག་དཔུང་འཛུལ་བྱས་ནས་རྒྱ་གར་གྱི་བདེ་འཇགས་ཉེན་ཁ་འཕྲད་ཀྱི་ཡོད་པ་རེད།།

གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་གྱིས་ཨོ་གླིང་རྒྱལ་ཁབ་ཀྱི་རྒྱལ་སྲུང་བློན་ཆེན་ལ་ཁ་པར་བཏང་ནས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་མངའ་ཁུལ་དེར་ལྐོག་གཡོ་ངན་ཇུས་མེད་པའི་སྲོལ་ལུགས་རྣམས་རྒྱུན་གནས་ཐུབ་དགོས་ཞེས་བཤད། ཨ་མི་རི་ཀས་ཨེ་ཤི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་མེད་པ་སྟོན་ཐབས་སུ་བྷ་ཌན་གྱིས་སྲིད་དབང་བཟུང་བའི་ཉིན་བཞི་པར་ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཞིག་དང་དམག་གྲུ་ཁག་ཅིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད། ཨ་རིའི་དམག་གྲུ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་རྩོད་ལེན་བྱ་ཡུལ་དེའི་ཉེ་འཁོར་དུ་བཏང་ནས་ཨ་མི་རི་ཀས་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ། རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་ཨ་རིས་འཐབ་རྒོལ་བྱ་རྒྱུའི་ཉེན་བརྡ་གསལ་པོ་བཏང་འདུག ཏོག་དབྱིབས་རིམས་ནད་འཇོམས་པའི་རྗེས་སུ་ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་ནི་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་ཕེབས་ནས་རྒྱལ་སྤྱིའི་འཚམས་འདྲི་དེ་རྣམས་འགོ་འཛུགས་འཆར་འདུག་ཅེས་གླེང་། ཉམས་ཞིབ་པ་གྷོར་ཌོན་ཆཱང་གིས་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཀྱི་ཡོད་པ་དང་རྒྱ་གར་ལ་འབྲས་ལྗོངས་ཀྱི་ནག་པོ་ལའི་ས་མཚམས་སུ་འཁྲུག་རྩོད་བསླངས་ནས་བྷ་ཌན་གྱི་སྲིད་གཞུང་ལ་ཉམས་ཚོད་ལེན་གྱི་འདུག རྒྱ་ནག་གིས་འཇོར་ཇཱི་བྷུ་ཤི་དང་ཨོ་བྷ་མ་གཉིས་ཀར་ཉམས་ཚོད་བླངས་པ་རེད། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཁག་ཅིག་གིས་ང་ཚོ་བྷ་ཌན་ལ་སྐྲག་དགོས་དོན་མེད་ཅེས་གླེང་སློང་བྱེད་ཀྱི་འདུག་ཅེས་བཤད། རྒྱ་ནག་གིས་ཐེ་ཝན་དང་རྒྱ་གར། ལྷོ་རྒྱ་ནག་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོ་བཅས་ཀྱི་ནང་དུ་འཁྲུག་རྩོད་ཅི་ཙམ་བསླངས་ན་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་འགྲོ་དཀའ།།

སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རྒྱ་ནག་ལ་ཚོང་དམག་བསླངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པ་བྷ་ཌན་གྱི་དུས་སུ་ཡར་རྒྱས་གཏོང་ཐུབ་རྒྱུའི་རེ་བ་ཆེན་པོ་ཞིག་མེད། དཔེར་ན་སྲིད་འཛིན་བྷ་ཌན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལཱེན་ཁིན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་གིས་ཨ་མི་རི་ཀའི་ཚན་རིག་ལག་རྩལ་དང་རིག་གནས་གསར་པ་རྣམས་རྒྱ་ནག་གིས་རྐུ་འཁྱེར་དང་བཙན་འཕྲོག་བྱེད་ཀྱི་ཡོད་པར་བཟོད་སྒོམ་བྱེད་ཐུབ་ཐབས་མེད། ཨ་རི་དང་རྒྱ་ནག་གི་ཚོང་ལས་དྲང་སྙོམས་མེད་པའི་དཀའ་ངལ་སེལ་དགོས་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རི་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་ཨོ་གླིང་རྒྱལ་ཁབ། ཧྥི་ལི་ཕིན་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་ངེས་གཏན་མེད་པར་གྱུར། ཇཱོ་བྷ་ཌན་གྱི་སྲིད་གཞུང་གིས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སླར་གསོ། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་རྣམས་མཉམ་འབྲེལ་གྱིས་རྒྱ་ནག་ལ་དམག་དོན་དང་དཔལ་འབྱོར། ཚོང་ལས་དང་ཚན་རྩལ་བཅས་ཀྱི་ཐོག་ཏུ་ཁ་གཏད་གཅོག་རྒྱུ། ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཚོང་ལས་བཀག་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་ལ་བསྐྱར་དུ་ཨ་རིའི་ཁྲོམ་རའི་ནང་དུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་དུ་འཇུག་སྲིད། འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པར་འབྲེལ་བ་ཡོད་པ་དང་ཨ་རིའི་བདེ་འཇགས་ལ་ཉེན་ཁ་ཆེ་བ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་མ་རྩ་བཙུགས་པ། བཟོ་ཚོང་ལས་ཁང་གང་ཞིག་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་གྲས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་ཁྲོམ་རའི་ནང་དུ་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་སོར་གནས་བྱ་རྒྱུ། དེ་བཞིན་ཨ་རིའི་སྲིད་གཞུང་སྔོན་མས་ཧོང་ཀོང་དང་ཞིན་ཅང་ལ་འཛིན་པའི་སྲིད་ཇུས་རྣམས་ཀྱང་བྷ་ཌན་གྱི་སྲིད་གཞུང་གསར་པས་རྒྱུན་འཁྱོངས་བྱ་རྒྱུའི་རྣམ་འགྱུར་གསལ་པོ་བསྟན་འདུག

XS
SM
MD
LG