ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

སྤྱི་མཐུན་ཚོགས་པར་ཌོ་ནལ་ཊམ་ལ་ཁྲིམས་གཅོད་བྱ་འདོད་མེད་པ། 


༄༅།། ཨ་རིའི་གྲོས་ཚོགས་འོག་མས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་གྱེན་ལོག་བྱེད་དུ་བཅུག་པའི་ནག་ཉེས་བཙུགས། ད་ལྟ་ཨ་རིའི་གྲོས་ཚོགས་གོང་མས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་ཡོད་མེད་ཁྲིམས་བཤེར་བྱ་རྒྱུ། མ་འོངས་པར་ཌོ་ནལ་ཊམ་ཨ་མི་རི་ཀའི་ཆབ་སྲིད་ལ་ནམ་ཡང་ཞུགས་མི་ཆོག་པ་དང་གཞུང་གི་གོ་གནས་འཛིན་མི་ཆོག་པའི་ཁྲིམས་གཅོད་བྱ་དགོས་ཚེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་༦༧་གྱིས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་དགོས། ཡིན་ནའང་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་མང་ཆེ་བས་ཌོ་ནལ་ཊམ་ལ་སྔར་བཞིན་རྒྱབ་སྐྱོར་བྱས་ནས་ཁྲིམས་གཅོད་ཀྱི་འོས་ཤོག་འཕེན་རྒྱུའི་རྟགས་མཚན་བྲལ། དཔེར་ན་གཟའ་མིག་དམར་ཉིན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་༤༥་ཡིས་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་ཁ་མཆུ་གཉིས་པ་དེར་གྲོས་ཚོགས་གོང་མས་བདག་པོ་རྒྱག་མི་དགོས་ཞེས་འོས་ཤོག་འཕངས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྔས་ཌོ་ནལ་ཊམ་ལ་ཉེས་འཛུགས་ཐེངས་གཉིས་པ་བྱུང་བའི་ཁ་མཆུ་དེར་ཁྲིམས་བཤེར་བྱ་དགོས་པའི་འོས་ཤོག་འཕངས། ཨ་རིའི་གྲོས་ཚོགས་གོང་མས་ཁྲིམས་བཤེར་བྱས་ཀྱང་མཐའ་མཇུག་འཐུས་མི་༥༥་ཡིས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་ཡོད་པའི་འོས་ཤོག་འཕེན་རྒྱུ། འཐུས་མི་༤༥་ཡིས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་མི་འདུག་ཅེས་འོས་ཤོག་འཕངས་ནས་ཁྲིམས་ལ་སྦྱོར་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་འོག་མས་སྐབས་དེའི་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱས་པའི་ཡིག་ཆ།
ཨ་རིའི་གྲོས་ཚོགས་འོག་མས་སྐབས་དེའི་སྲིད་འཛིན་ཊམ་ལ་ཉེས་འཛུགས་བྱས་པའི་ཡིག་ཆ།

ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༡༠་ཐམ་པས་ཌོ་ནལ་ཊམ་གྱིས་ངན་སྐུལ་གྱེན་ལོག་བྱས་པའི་ཉེས་འཛུགས་ལ་རྒྱབ་སྐྱོར་འོས་ཤོག་འཕངས། ད་ལྟ་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་འོས་ཤོག་འཕེན་མཁན་འཐུས་མི་དེ་ཚོར་ཁ་རྡུང་དྲག་པོ་གཏོང་གི་ཡོད་པར་མ་ཟད། གྲོས་ཚོགས་གོང་མའི་འཐུས་མི་སུ་ཞིག་གིས་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་ཚེ། འཐུས་མི་དེར་སྤྱི་མཐུན་ཚོགས་པའི་ནང་ཁུལ་དུ་དགྲ་ལན་སློག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་ཀྱི་ཡོད་ཅིང་། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཀྱང་རང་གི་བུ་སོགས་བརྒྱུད་ནས་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ལི་ཛི་ཆེ་ཎི་གཙོས་འཐུས་མི་༡༠་ཐམ་པར་ལྟད་མོར་ལྟོས་ཤིག ཁོ་ཚོར་༢༠༢༢་ལོའི་འོས་འདེམས་དུས་སུ་ཕམ་ཉེས་འབྱུང་དུ་འཇུག་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག ཐ་ན་༢༠༢༢་ལོར་བགྲེས་ཡོལ་ལ་ཕེབས་འཆར་ཡོད་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་གྱིས་ཀྱང་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕེན་རྒྱུ་དེར་འཛེམ་ཟོན་བྱེད་ཀྱི་ཡོད་པའི་རྣམ་པ་གསར་པོར་བསྟན། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཕལ་ཆེ་བས་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་ཨ་རིའི་གྲོས་ཚོགས་ལ་དཔུང་རྒོལ་བྱེད་དུ་བཅུག་པའི་ནག་ཉེས་འདུག་ཅེས་ལྐོག་ཏུ་གླེང་། ཁོ་ཚོས་༢༠༢༢་ལོའི་འོས་འདེམས་དང་༢༠༢༤་ལོའི་འོས་འདེམས། ཡང་ན་འཐུས་མི་དེ་ཚོར་རང་ཉིད་མ་འོངས་པར་སྲིད་འཛིན་འོས་མི་སོགས་ལ་ལང་རྒྱུའི་དམིགས་ཡུལ་ཡོད་པས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་འདུག་ཅེས་འོས་ཤོག་འཕེན་ཕོད་ཀྱི་མེད་པ་རེད།།

ཌོ་ནལ་ཊམ་གྱིས་ངན་སྐུལ་གྱེན་ལོག་གི་ཁ་མཆུ་དེར་གྲོས་ཚོགས་གོང་མས་ཁྲིམས་བཤེར་བྱ་དགོས་ཀྱི་འདུག་ཅེས་འོས་ཤོག་འཕེན་མཁན་སྤྱི་མཐུན་ཚོགས་པའི་འཐུས་མི་༥་ནི་ཡུ་ཊ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་མཱི་ཊོ་རོམ་ཎི་དང་ནེ་བྷ་རེ་སི་ཁ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་བྷན་ས་སེ། མཱེན་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་སཱུ་སན་ཀོ་ལིན་སི། ཨ་ལ་སི་ཀ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ལི་ས་མར་ཀོ་སི་ཀི པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཕེ་ཊི་ཊུ་མཱེ་བཅས་ཡིན་ཞིང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མིའི་འགོ་ཁྲིད་མཱི་ཆི་མེ་ཁ་ནོས་ཀྱང་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་ཁ་མཆུ་དེར་བདག་པོ་རྒྱག་མི་དགོས་པའི་འོས་ཤོག་འཕངས། ཨ་རིའི་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱུང་བའི་རྗེས་སུ་མཱི་ཆི་མེ་ཁ་ནོས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཁྲིམས་གཅོད་བྱེད་ཆོག་པའི་སྤྱོད་ངན་སྤེལ་སོང་ཞེས་གཏམ་བཤད་བྱས་འདུག ཕྱི་ཟླ་༢་པའི་ཚེས་༩་ནས་ཨ་རིའི་གྲོས་ཚོགས་གོང་མས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་རྒྱལ་ཡོངས་གྲོས་ཚོགས་ལ་གཏོར་རྒོལ་བྱེད་དུ་བཅུག་པའི་ནག་ཉེས་ཡོད་མེད་ཀྱི་ཁྲིམས་བཤེར་འགོ་ཚུགས་རྒྱུ་ཡིན་ཞིང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཟུར་པ་ཞིག་ལ་ཉེས་འཛུགས་ཁྲིམས་བཤེར་བྱ་རྒྱུ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་རེད། དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ཌོ་ནལ་ཊམ་ལ་ནག་ཉེས་འགེལ་ཐབས་ཇི་ལྟར་བྱས་ཀྱང་ཁྱད་པར་མེད། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༤༥་ཡིས་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་ཁ་མཆུ་འདིར་བདག་པོ་རྒྱག་མི་དགོས་པའི་ལངས་ཕྱོགས་གསལ་སྟོན་བྱས་ཡོད། ཁྲིམས་བཤེར་རྗེས་སུ་མཐའ་མའི་འོས་ཤོག་འཕེན་དུས་ཀྱང་སྤྱི་མཐུན་ཚོགས་པའི་འཐུས་མི་༤༥་ཡིས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ནག་ཉེས་མེད་པའི་འོས་ཤོག་འཕེན་རྒྱུ་རེད་ཅེས་རྩོད་པ་བརྒྱབ།།

ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་ཉེས་འཛུགས་དང་གྲོས་ཚོགས་གོང་མའི་ཁྲིམས་བཤེར་ལ་མཇུག་འབྲས་གཅིག་ལས་སྨིན་རྒྱུ་མེད་པའི་རྟགས་མཚན་ཞིག་ཐོན། དེ་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་ཌོ་ནལ་ཊམ་གྲོས་ཚོགས་འོག་མས་ཉེས་འཛུགས་ཐེངས་གཉིས་བྱུང་བ། ཨ་རིའི་གྲོས་ཚོགས་གྲོས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཐེངས་གཉིས་ལ་བསྐྱབས་ཏེ་ཁྲིམས་གཅོད་བྱེད་མ་ཐུབ་པའི་སྲིད་འཛིན་དང་པོ་དེར་འགྱུར་རྒྱུ། ཨ་མི་རི་ཀའི་སྲིད་འཛིན་གྱི་ལོ་རྒྱུས་སུ་ཌོ་ནལ་ཊམ་གྱི་ལེའུ་དེར་ནག་ཐིག་ཆེན་པོ་ཕོག་ནས་ཕྱི་རབས་པ་ཚོར་དཔེ་འཇོག་ངན་པའི་མཚོན་བྱེད་དུ་འགྱུར་རྒྱུ་ཁོ་ནར་ཟད། ཨ་མི་རི་ཀའི་རྩ་ཁྲིམས་ནང་དུའང་སྲིད་འཛིན་ཟུར་པ་ཞིག་ལ་གྲོས་ཚོགས་གོང་མས་ཁྲིམས་བཤེར་བྱེད་ཆོག་མིན་གསལ་ཁ་ཐོན་མེད་པས་ཁྲིམས་ལུགས་མཁས་པ་ཚོས་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་ཆོག གལ་སྲིད་ཨ་རིའི་གྲོས་ཚོགས་གོང་མས་ཌོ་ནལ་ཊམ་ལ་ནག་ཉེས་ཡོད་པའི་འོས་ཤོག་འཕངས་ཀྱང་ཁྲིམས་གཅོད་དེ་ཁྲིམས་མཐུན་ཡིན་པའི་ངེས་པ་མེད། དེས་ན་ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་ཆེས་མཐོའི་ཁྲིམས་ཁང་བར་དུ་ཁྲིམས་གཏུག་བྱས་ནས་རྩོད་པ་རྒྱག་སྲིད། དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཚོས་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་ནས་ཁྲིམས་བཤེར་བྱེད་ཀྱི་ཡོད་པ་ནི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོར་དཀའ་ངལ་སྤྲོད་རྒྱུ། ཁོ་ཚོར་ཌོ་ནལ་ཊམ་དང་རྒྱལ་ཁབ་གཉིས་ཀྱི་གང་གདམ་རྒྱུ་ཡིན་མིན་ལངས་ཕྱོགས་གསལ་སྟོན་བྱེད་དུ་འཇུག་རྒྱུ། སྤྱི་མཐུན་ཚོགས་པའི་འཐུས་མི་གང་ཞིག་གིས་ཌོ་ནལ་ཊམ་དང་རང་གི་སྲིད་དོན་ཚོགས་པ་ཨང་དང་པོར་བཟུང་སྟེ་རྒྱལ་ཁབ་ཀྱི་རྩ་དོན་གལ་ཆུང་དུ་བརྩིས་ན་མ་འོངས་པར་སྐྱོན་འཛུགས་བྱ་ས་ཡག་པོ་ཞིག་རྙེད་རྒྱུའི་རྩིས་རྒྱག་གི་ཡོད་པ་རེད།།

སྲིད་འཛིན་ཟུར་པ་ཏམ་ལ་ཉེས་འཛུགས་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཕོལ།
སྲིད་འཛིན་ཟུར་པ་ཏམ་ལ་ཉེས་འཛུགས་བྱེད་པར་ངོ་རྒོལ་བྱེད་མཁན་གྱི་གྲོས་ཚོགས་འཐུས་མི་ཕོལ།

ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོས་སྔར་བཞིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཊམ་གྱི་ཤུགས་རྐྱེན་ཉམས་དཀའ། ཁོ་པ་སྲིད་འཛིན་གྱི་ལས་གནས་ནས་འཕོ་འགྱུར་སོང་སྟེ་བདུན་ཕྲག་གཅིག་ལས་ཕྱིན་མེད་ཀྱང་ཨ་མི་རི་ཀའི་ཆབ་སྲིད་ལ་ཐེ་གཏོགས་བྱ་རྒྱུ་འགོ་བཙུགས། ཌོ་ནལ་ཊམ་གྱིས་ཨར་ཁན་སོ་མངའ་སྡེའི་སྤྱི་ཁྱབ་ལ་ཕོ་བྲང་དཀར་པོའི་གསར་འགོད་དྲུང་ཆེ་ཟུར་པ་སེ་ར་ཧ་ཁ་བྷི་ལང་གི་ཡོད་པར་མོས་མཐུན། ཁེ་ལི་ཝར་ཌི་སླར་ཡང་ཨ་རི་ཛོ་ན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོར་འདེམས་བསྐོ་བྱ་རྒྱུ་དེར་རྒྱབ་སྐྱོར། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་༡༠་ཐམ་པས་ཌོ་ནལ་ཊམ་ལ་ཉེས་འཛུགས་ཀྱི་འོས་ཤོག་འཕངས་པ་དེ་དག་ལ་འོས་འདེམས་ཀྱི་ཕམ་ཉེས་འབྱུང་ཐབས། འཇོར་ཇཱི་ཡ་མངའ་སྡེའི་སྤྱི་ཁྱབ་ཀྱིས་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་འཕྲུ་སློག་མ་བཏང་བར་དགྲ་ལན་སློག་རྒྱུའི་ལས་དོན་ཁག་མགོ་བརྩམས་ཟིན་འདུག ཌོ་ནལ་ཊམ་གྱིས་སྲིད་འཛིན་འོས་འདེམས་དྲང་སྙོམས་མ་བྱུང་བ་དེར་ཁྲིམས་གཏུག་བྱེད་པར་འགྲོ་གྲོན་དགོས་ཞེས་མི་མང་གི་ལག་ནས་ཨ་སྒོར་དུང་ཕྱུག་གཅིག་ལྷག་འདུ་འགོད་བྱས་ཤིང་། ད་ལྟ་ཁོ་པས་དངུལ་སྒོར་དེ་དག་འགྲོ་གྲོན་བཏང་ནས་རང་གི་རྒྱབ་སྐྱོར་བ་དང་བཀོད་འདོམས་འོག་ཏུ་བསྡུ་ཐུབ་མཁན་རྣམས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་འོག་གི་འཐུས་མི་དང་མངའ་སྡེ་ཁག་གི་སྤྱི་ཁྱབ། ས་གནས་ཁག་གི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ལ་འདེམས་བསྐོ་འབྱུང་ཐབས་ཀྱི་རྒྱབ་སྐྱོར། ཌོ་ནལ་ཊམ་དང་ཊམ་ཁྱིམ་ཚང་གི་བཀོད་ཇུས་ལ་མི་ཉན་པའི་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་གྲོས་ཚོགས་དང་མངའ་སྡེའི་སྤྱི་ཁྱབ། ས་གནས་ཁག་གི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སོགས་ལ་འདེམས་བསྐོ་བྱེད་དུ་འཇུག་རྒྱུ་མིན་པ། ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཚོས་རང་གི་སྲིད་དོན་ཚོགས་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཐེ་གཏོགས་བྱེད་སྲོལ་མེད་ཀྱང་ཌོ་ནལ་ཊམ་གྱིས་ཨ་རིའི་སྲིད་འཛིན་ཟུར་པ་ཚོས་རྩ་འཛིན་བྱེད་པའི་ལམ་སྲོལ་དེར་གཏོར་བརླག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG