ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ།


༄༅།། ༢༠༡༧་ལོའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་རེའི་ཚོགས་ཆེན་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་ལོ་རེའི་ཚོགས་ཆེན་གཉིས་སུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁལ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། དུས་དེ་ནས་བཟུང་སྟེ་ཨ་རི་དང་འཇར་མན་ཎིའི་འབྲེལ་བ་ཡག་པོ་ཞིག་མ་བྱུང་བར་སྲིད་འཛིན་ཊམ་གྱིས་འཇར་མན་ཎིའི་ས་ཐོག་ཏུ་འགྲེམ་འཇོག་བྱས་ཡོད་པའི་ཨ་མི་རི་ཀའི་དམག་དཔུང་ཕྱེད་ཀ་ཙམ་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། ཨན་གྷི་ལ་མར་ཁལ་གྱིས་ཨ་མི་རི་ཀར་འབྲེལ་བ་འཛིན་པའི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་འགྱུར་བ་བཏང་སྟེ་ཨ་མི་རི་ཀར་སྲིད་གཞུང་གསར་པ་ཞིག་མ་ཚུགས་བར་དུ་ངང་སྒུག་བྱ་རྒྱུའི་ཐབས་ཇུས་བསྟེན། ༢༠༢༠་ལོར་ཨ་མི་རི་ཀར་སྲིད་འཛིན་གསར་པ་ཞིག་འདེམས་ཐོན་བྱུང་སྟེ་ཇཱོ་བྷ་ཌན་གྱིས་ཡུ་རོབ་དང་ཨ་མི་རི་ཀའི་འབྲེལ་བ་སླར་གསོ་བྱ་རྒྱུ་ཡིན། ཨ་མི་རི་ཀས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གཙོ་བོར་འཛིན་རྒྱུ་ཡིན་ཞེས་གསལ་བསྒྲགས་ཐེངས་འགའ་ཞིག་སྤེལ། འོན་ཀྱང་ཨན་གྷི་ལ་མར་ཁལ་གྱིས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་རྣམ་འགྱུར་གསལ་པོ་ཞིག་མ་བསྟན། ད་ལྟ་ཨན་གྷི་ལ་མར་ཁལ་འཕོ་འགྱུར་འགྲོ་རྒྱུ་ཡིན་པ་དང་འཇར་མན་ཎིར་སྲིད་བློན་གསར་པ་འདེམས་བསྐོ་བྱ་དགོས། འཇར་མན་ཎིའི་སྲིད་དོན་ཚོགས་པ་ཁག་གི་སྲིད་བློན་གྱི་འོས་མི་ཚོས་ཀྱང་ཨ་མི་རི་ཀར་འབྲེལ་བ་གསར་པ་ཞིག་འཛིན་རྒྱུ་ཡིན་ཞེས་བསྒྲགས། ཡིན་ནའང་འཇར་མན་ཎིའི་སྲིད་བློན་གྱི་འོས་མིར་འགྲན་ཞུགས་བྱེད་མཁན་ཚོས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་གཏམ་བཤད་བྱེད་ཀྱི་མེད་པ་རེད།།

འཇར་མན་དང་ཨ་མི་རི་ཀའི་ཞིབ་འཇུག་ཁང་ཞིག་གིས་ཝ་ཤིང་ཊོན་དང་བྷར་ལིན་གཉིས་ཀྱི་འབྲེལ་བར་ཞིབ་འཇུག་བྱས་པ་ལྟར་ན། ཕྱི་ཚུལ་དུ་ཨ་མི་རི་ཀ་དང་འཇར་མན་ཎིའི་འབྲེལ་བ་སླར་གསོ་བྱུང་ཡོད་པའི་རྣམ་པ་ཞིག་མངོན་རུང་དོན་དངོས་སུ་ཕྱོགས་གཉིས་ཀྱི་འབྲེལ་བར་འགྱུར་བ་ཐེབས་མི་འདུག ཨ་རི་དང་འཇར་མན་ཎིའི་འགལ་ཟླ་གཙོ་བོ་ནི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རང་གི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་གཏོང་དགོས་པའི་དམིགས་ཚད་བཟུང་ཡོད་པ་འཇར་མན་གཞུང་གིས་སྒྲུབ་ཀྱི་མེད་པ། ཨ་མི་རི་ཀས་ཨུ་རུ་སུ་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱེད་ཀྱི་ཡོད་ཀྱང་འཇར་མན་གཞུང་གིས་ཨུ་རུ་སུ་ནས་རང་བྱུང་སོལ་རླངས་ཀྱི་ལྕགས་སྦུག་འཐེན་ནས་ཚོང་ལས་གཉེར་གྱི་ཡོད་པ་མཚམས་འཇོག་གི་མེད་པ། ཨ་མི་རི་ཀའི་སྲིད་གཞུང་གསར་པས་ཀྱང་འཇར་མན་ཎིར་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་གི་མེད་པའི་འགལ་རྐྱེན་རྣམས་སེལ་ཐུབ་མི་འདུག་ཅེས་བསྟན། འཇར་མན་ཎིར་སྲིད་བློན་གསར་པ་ཞིག་འདེམས་ཐོན་བྱུང་བའི་རྗེས་སུའང་ཨ་རི་དང་འཇར་མན་ཎིའི་འབྲེལ་བར་ཕྱོགས་མང་དག་ཅིག་ནས་འགལ་ཟླ་འབྱུང་རྒྱུ་ཉག་ཅིག་ཡིན་ཞིང་། ཨ་མི་རི་ཀས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་ཐུག་ན་འཇར་མན་གཞུང་གིས་ཨ་མི་རི་ཀའི་ཕྱོགས་སུ་ལང་རྒྱུའི་སྲིད་ཇུས་གསལ་པོ་ཞིག་འཛིན་དགོས་ཞེས་དགོས་འདུན་བཏོན་འདུག

ཟླ་བ་སྔོན་མར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་དྲྭ་ལམ་དུ་མིའུ་ནིག་བདེ་འཇགས་ལྷན་ཚོགས་ལ་གཏམ་བཤད་བྱས་ཏེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ཀྱི་གཞི་རྩར་གཏོང་བརླག་བྱས་ནས་ཁྲིམས་འགལ་དང་བཙན་སྐུལ་བྱེད་ཀྱི་ཡོད་པར་ང་ཚོས་ཁ་གཏད་བཅག་ཡོད། ཨུ་རུ་སུའི་གཞུང་གིས་ང་ཚོའི་དམངས་གཙོའི་ལམ་ལུགས་ལ་གཏོར་བརླག་བྱས་ནས་ནུབ་ཕྱོགས་པའི་ལམ་ལུགས་དེ་ཉིད་རུལ་སུངས་སུ་སྒྱུར་ཐབས་བྱེད་ཀྱི་འདུག་ཅེས་ཨ་རི་དང་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་བྱས་ནས་རྒྱ་ནག་དང་ཨུ་རུ་སུ་ལ་འཐབ་རྒོལ་བྱེད་དགོས་པའི་ལངས་ཕྱོགས་གསལ་པོར་བསྟན། འཇར་མན་གཞུང་གིས་རང་གི་དཔལ་འབྱོར་གྱི་ཁེ་ཕན་གཙིགས་སུ་བཟུང་ནས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་བཏང་སྟེ་ཨ་རི་དང་ཡུ་རོབ་ཀྱི་ཐུན་མོང་གི་ཁེ་ཕན་ཡན་པོར་དོར། བྷར་ལིན་གྱི་རྒྱ་ནག་ཉམས་ཞིབ་ཁང་གི་རྩོམ་སྒྲིག་འཛིན་ནོ་ཨ་བྷར་ཀིན་གྱིས་བཤད་པ་ལྟར་ན། སྲིད་བློན་ཨན་གྷི་ལ་མར་ཁལ་གྱིས་རྒྱ་ནག་ལ་འབྲེལ་བ་ཉེ་པོ་ཞིག་འཛིན་གྱི་ཡོད་པར་འཇར་མན་ཎིའི་ནང་ཁུལ་དུའང་སྐྱོན་བརྗོད་བྱེད་ཀྱི་འདུག དཔེར་ན་འཇར་མན་གྱི་སྔོ་ལྗང་ཚོགས་པ་སོགས་ཀྱིས་རྒྱ་ནག་ལ་ལངས་ཕྱོགས་མཁྲེགས་པོ་ཞིག་འཛིན་དགོས་ཞེས་ཨན་གྷི་ལ་མར་ཁལ་ལ་གནོན་ཤུགས་སྤྲོད་ཀྱི་འདུག ཡིན་ནའང་ཨུ་རུ་སུ་ལ་ཐུག་ན་འཇར་མན་ཎིའི་ལངས་ཕྱོགས་ཐ་དད་རེད། ཨུ་རུ་སུ་ནས་འཇར་མན་ཎི་བར་དུ་རང་བྱུང་སོལ་རླངས་ཀྱི་ལྕགས་སྦུག་འཐེན་གྱི་ཡོད་པར་འཇར་མན་ཎིའི་རྒྱལ་ནང་དུ་རྒྱབ་སྐྱོར་ཆེན་པོ་འདུག དགུན་གྱི་དུས་སུ་འཇར་མན་ཎིས་ཨུ་རུ་སུ་ནས་ནང་འདྲེན་བྱས་པའི་རང་བྱུང་སོལ་རླངས་ལ་མ་བརྟེན་ཐབས་མེད་རེད་ཅེས་བཤད།།

འཇར་མན་ཎི་དང་ཨུ་རུ་སུའི་ཚོང་ལས་དེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཡུ་རོབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་ཅིང་། ཨ་རི་སོགས་ཀྱི་སྐྱོན་བརྗོད་པ་མང་དག་ཅིག་གིས་འཇར་མན་གཞུང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་མ་བཏང་བར་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་འཇར་མན་ཎིར་སྲུང་སྐྱོབ་བྱ་དགོས་ཟེར་ཐུབ་ཐབས་མེད། ཨ་མི་རི་ཀས་ཨུ་རུ་སུ་ལ་ཁ་གཏད་གཅོག་གིས་ཡོད་ཀྱང་འཇར་མན་ཎིའི་ཨུ་རུ་སུ་ལ་ཚོང་འབྲེལ་བཙུགས། གལ་སྲིད་ཨུ་རུ་སུའི་དམག་གིས་འཇར་མན་ཎིར་བཙན་འཛུལ་བྱས་ཏེ་དཀའ་ངལ་འཕྲད་ན་ཨ་མི་རི་ཀར་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུ་ཤེས་ཐབས་མེད་ཅེས་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་སོང་ཡོད་པར་མ་ཟད། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་འཛེམ་ཟོན་མེད་པར་འཇར་མན་ཎིའི་ཕྱིན་ཅི་ལོག་པའི་སྤྱོད་པ་རྣམས་ཐེར་འཛོན་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་། ད་ལོའི་ཕྱི་ཟླ་༩་པར་འཇར་མན་ཎིར་སྤྱི་ཡོངས་འོས་འདེམས་བྱས་ནས་སྲིད་བློན་གསར་པ་ཞིག་གདམ་དགོས། འཇར་མན་ཎིའི་སྔོ་ལྗང་ཚོགས་པས་སྲིད་དོན་ཚོགས་པ་གང་ལ་རྒྱབ་སྐྱོར་བྱེད་ན་ཚོགས་པ་དེ་འཇར་མན་གྲོས་ཚོགས་སུ་འཐུས་མི་གྲངས་མང་ལ་གྱུར་ཏེ་སྲིད་གཞུང་འཛུགས་ཐུབ། ༡༩༨༠་ལོར་བཙུགས་པའི་འཇར་མན་ཎིའི་སྔོ་ལྗང་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་དང་ཞི་བདེ་བསྐྲུན་རྒྱུ། འཇར་མན་ཎི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དང་དམག་འཐབ་ལ་མཉམ་ཞུགས་མི་བྱེད་པའི་རྩ་དོན་བཟུང་། འདས་པའི་ལོ་ངོ་དེ་དག་གི་རིང་ལ་འཇར་མན་ཎིའི་སྔོ་ལྗང་ཚོགས་པའི་ལྟ་བ་དང་ལངས་ཕྱོགས་ལ་འགྱུར་བ་ཐེབས་ཀྱང་སྲིད་དོན་ཚོགས་པ་དེའི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་ཐུབ་པ་དང་དེ་ལ་འགྱུར་བ་གཏོང་རྒྱུ་དེར་སྲིད་དོན་ཚོགས་པ་དེའི་ཚོགས་མི་ཚོས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་མེད་པ་རེད།།

འཇར་མན་ཎིའི་ཌ་ཡེ་ཛི་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སྔོ་ལྗང་ཚོགས་པའི་སྲིད་བློན་འོས་མིར་འགྲན་ཞུགས་པ་གཙོ་གྲས་བྷེར་བྷུཀ་ལ་བཅར་འདྲི་ཞུས་པ་ལྟར་ན། ཁོ་པས་འཇར་མན་གཞུང་གིས་རང་གི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་གཏོང་དགོས་ཟེར་གྱི་ཡོད་པ་རྣ་བར་མི་འགྲོ་བའི་སྐད་ཆ་ཞིག་རེད་ཅེས་བཤད། དེར་བརྟེན་འཇར་མན་ཎིའི་སྔོ་ལྗང་ཚོགས་པའི་རྒྱབ་སྐྱོར་ཡོད་པའི་སྲིད་གཞུང་ཞིག་གིས་འཇར་མན་ཎིའི་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་བརྒྱ་ཆ་༢་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འགྲོ་གྲོན་གཏོང་རྒྱུ་ཁག་པོ་ཡིན་ཞིང་། གལ་སྲིད་ལོ་འདིའི་སྤྱི་ཡོངས་འོས་འདེམས་རྗེས་སུ་ཨང་གྷ་ལི་མར་ཁལ་གྱིས་འགོ་ཁྲིད་པའི་ཡེ་ཤུའི་དམངས་གཙོ་མཉམ་འབྲེལ་ཚོགས་པར་ཕམ་ཉེས་བྱུང་སྟེ་རང་དབང་དམངས་གཙོ་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་ཚེ། ཨ་རི་དང་འཇར་མན་ཎིའི་འབྲེལ་བ་བཟང་ཕྱོགས་སུ་འགྱུར་ཐུབ་པའི་རེ་བ་ཆེ། འཇར་མན་ཎིའི་སྔོ་ལྗང་ཚོགས་པ་དང་རང་དབང་དམངས་གཙོ་ཚོགས་པ་གཉིས་ཀར་རང་ཐད་དུ་སྲིད་གཞུང་འཛུགས་ཐུབ་པའི་ནུས་པ་མེད་ཀྱང་སྲིད་དོན་ཚོགས་པ་དེ་དག་གིས་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་ཆེ་ཁག་གང་ལ་རྒྱལ་ཁ་འཐོབ་ཏུ་འཇུག་མིན་གྱི་ནུས་པ་འཐོན་ཐུབ། སྲིད་བློན་ཨན་གྷི་ལ་མར་ཁལ་གྱི་ཡེ་ཤུའི་དམངས་གཙོ་མཉམ་འབྲེལ་ཚོགས་པས་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དུས་ཐོག་ཏུ་རྒྱག་མ་ཐུབ་པ་དང་མི་དམངས་ལ་ཁ་རས་གྱོན་དགོས་པའི་སྒྲིག་ཁྲིམས་ལག་ལེན་བསྟར་པ། སི་རི་ཡ་སོགས་ཀྱི་ཁ་ཆེ་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་འཇར་མན་ཎིར་བླངས་པ་བཅས་ལ་མི་དམངས་ཀྱི་ངོ་རྒོལ་འབྱུང་གི་ཡོད་པ་སྟེ། འཇར་མན་ཎིའི་ས་གནས་གཉིས་ཀྱི་འོས་འདེམས་སྐབས་སུ་སྲིད་བློན་ཨན་གྷི་ལ་མར་ཁལ་གྱི་སྲིད་དོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་། ཨན་གྷི་ལ་མར་ཁལ་གྱིས་ལོ་བཅོ་ལྔར་འཇར་མན་ཎིའི་སྲིད་དབང་བཟུང་བའི་རྗེས་སུ་ལོ་འདིའི་ཕྱི་ཟླ་༩་པར་འཕོ་འགྱུར་འགྲོ་ཡི་ཡོད་པ་རེད།།

XS
SM
MD
LG