ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་བྷ་ལའི་བོད་པ་སུད་ཚོང་བའི་ཁྲོམ་རར་མེ་སྐྱོན།


༄༅།། ཕྱི་ཟླ་༡་ཚེས་༢༡་གི་ནམ་སྨད་ཆུ་ཚོད་༣་དང་སྐར་མ་༣༠་ཡས་མས་སུ་རྒྱ་གར་བྱང་ཕྱོགས་ཨམ་བྷ་ལ་གྲོང་ཁྱེར་གྱི་བོད་མིའི་དགུན་ཚོང་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཁྲོམ་ར་ཡོངས་རྫོགས་མེས་བསྲེགས་པའི་གནས་ཚུལ་ཐོན་ཡོད་ཅིང་། ཨམ་བྷ་ལ་ས་གནས་ནས་འདི་གར་དགུན་ཚོང་གཉེར་མཁན་བསོད་ནམས་ལགས་ཀྱིས་བརྗོད་དོན་ལྟར་ན། ད་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ས་གནས་སུ་ཚོང་ཡག་པོ་མེད་པ་དང་ཚོང་ཟོག་མང་པོ་ཞིག་ལྷག་ཡོད། དེའི་ཐོག་ཏུ་ཞོགས་པར་བྱུང་བའི་མེ་སྐྱོན་གྱིས་ཚོང་ཟོག་ཚང་མ་མེས་འཚིག་སོང་། ད་ལྟ་དགུན་ཚོང་གི་དུས་ཚོད་མཇུག་སྒྲིལ་གྲབས་ཡོད་པའི་སྐབས་ཤིག་རེད་ཅེས་བཀྲལ།།

ཨམ་བྷ་ལ་གྲོང་ཁྱེར་གྱི་བོད་མིའི་དགུན་ཚོང་ཁྲོམ་ར་ནི་རྒྱ་གར་རྒྱལ་ཡོངས་ཀྱི་བཙན་བྱོལ་བོད་མིའི་ཚོང་ལས་མཐུན་ཚོགས་ཀྱི་སྒྲིག་ཁོངས་སུ་གཏོགས་པའི་ས་གནས་ཤིག་ཡིན་ཞིང་། དེ་སྔ་ས་གནས་དེར་ཀུ་ལུ་དང་མན་ཌི། སོ་ལན་སོགས་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ནས་དགུན་ཚོང་རྒྱག་མཁན་གྱི་ཚོང་ཁང་༢༡་ཡོད་མོད། འོན་ཀྱང་ད་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་ས་གནས་དེར་དངོས་སུ་ཚོང་ལས་གཉེར་མཁན་ཚོང་ཁང་བཅུ་ལས་མ་བྱུང་། རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་པ་སངས་ཀྱིས་གནས་ཚུལ་དེ་ཐོས་མ་ཐག་ཏུ་ཚོགས་པའི་ཚོགས་གཞོན་དང་རྒྱུན་ལས་ཤིག་མེ་སྐྱོན་འབྱུང་ཡུལ་ས་གནས་སུ་འཕྲལ་དུ་མངགས་ཏེ་ས་གནས་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུ་མགོ་བརྩམས། མེ་སྐྱོན་གྱི་གྱོད་གུད་ལ་ཞིབ་འཇུག་བྱས་ནས་གནས་ཚུལ་ཞིབ་ཕྲ་ཞིག་ཤེས་རྟོགས་བྱུང་བའི་མཚམས་སུ་རྒྱུན་ལས་ཚོར་གྲོས་སྡུར་བྱས་ནས་ཛ་དྲག་གི་ངལ་སེལ་རོགས་རམ་གང་མཁོ་སྤྲོད་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་བཤད།།

ད་ལོ་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་དགུན་ཚོང་གཉེར་སའི་ས་གནས་ཁག་ཅིག་གི་ཚོང་ཚོང་ལས་ལ་དོ་ཕོག་བྱུང་ཡོད་པར་མ་ཟད། ཇཱམ་ཤེ་ཏ་པུར་གྲོང་ཁྱེར་དུ་དགུན་ཚོང་གཉེར་མཁན་བོད་པ་ཚོའི་གྲས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་རྟགས་ཐོན་མཁན་ཇེ་མང་དུ་སོང་སྟེ་བོད་པའི་ཁྲོམ་ས་ཁག་ཅིག་སྒོ་རྒྱག་དགོས་བྱུང་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ།

XS
SM
MD
LG