ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ལི་ཐུ་ཝྭེ་ཎི་ཡ་རྒྱ་ནག་གི་རྩེད་འགྲན་ལ་མཉམ་ཞུགས་བྱ་དགོས་མིན་བསམ་ཞིབ། 


༄༅།། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་དང་དྲྭ་གྲུག་རྩེད་འགྲན་པ་གྲགས་ཅན་ཕེང་ཧྲུའེ་གར་སོང་ཆ་མེད་དུ་གྱུར་ནས་བཟུང་། འཛམ་གླིང་ཡུལ་གྲུ་གང་སར་ལོ་རྗེས་མར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་ཀྱི་ཡོད་པ་དེའི་སྐབས་སུ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོར་ཉམས་ཞུགས་བྱ་རྒྱུ་ཕྱིན་འཐེན་བྱེད་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། བོད་པ་དང་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱལ་ཁབ་ཁག་གི་རྩེད་འགྲན་རུ་ཁག་རྣམས་ཀྱང་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་ཞེས་ལས་འགུལ་སྤེལ་གྱི་ཡོད་ཅིང་། དེ་རིང་ཕྱི་ཟླ་༡༡་པའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མར་ཨུ་རུ་སུའི་ཉེ་འཁོར་དུ་ཆགས་པའི་ལི་ཐུ་ཝྭེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོ་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱེད་དགོས་མིན་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་ལ་གྲོས་མོལ་བྱེད་ཀྱི་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། གསར་འགོད་པ་ཚོས་ཕྱི་སྲིད་བློན་ཆེན་ལཱན་ཌི་སི་བྷག་ལ་ལི་ཐུ་ཝྭེ་ཎི་ཡའི་གཞུང་འབྲེལ་མི་སྣ་ཚོ་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་ཡིན་ནམ་ཞེས་དྲིས། ཁོང་གིས་ང་ཚོས་གནད་དོན་དེར་གྲོས་སྡུར་བྱ་རྒྱུ་མ་བྱུང་། དྲང་པོར་བཤད་ན་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་མང་དག་ཅིག་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་འདོད་མེད་པ་འདྲ། ངས་བལྟས་ན་རྒྱ་ནག་ལའང་ང་ཚོར་སྣེ་ལེན་བྱ་རྒྱུའི་འདོད་པ་མི་འདུག པེ་ཅིང་གི་རྩེད་འགྲན་དེར་མཉམ་ཞུགས་བྱ་རྒྱུ་ཡིན་མིན་ཐད་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་གཅིག་གྱུར་གྱི་ལངས་ཕྱོགས་ཤིག་འཛིན་དགོས་ཀྱི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཉེ་ཆར་སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོ་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་བསམ་ཞིབ་བྱེད་ཀྱི་ཡོད་ཅེས་བསྒྲགས། ཁེ་ན་ཌ་དང་དབྱིན་ཇི་སོགས་ཀྱིས་ཀྱང་པེ་ཅིང་གི་རྩེད་འགྲན་དེའི་སྒོ་འབྱེད་མཛད་སྒོར་གཞུང་འབྲེལ་སྐུ་ཚབ་གཏོང་དགོས་མིན་བསམ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཨོ་གླིང་གི་སྲིད་དོན་པ་ཁག་ཅིག་གིས་རྒྱལ་ཁབ་ཁག་གི་རྩེད་འགྲན་རུ་ཁག་རྣམས་པེ་ཅིང་གི་རྩེད་འགྲན་ལ་མཉམ་ཞུགས་བྱ་རྒྱུ་ཕྱིར་འཐེན་བྱེད་དགོས་ཞེས་ལྟ་ཚུལ་ཤུགས་ཆེན་བརྗོད། གང་ལྟར་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གིས་བོད་དང་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་འདུག ཧོང་ཀོང་གི་རང་སྐྱོང་ཐོབ་ཐང་བཙན་འཕྲོག་བྱས་པ་རེད། ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་འཇིགས་སྐུལ་རྒྱུན་ཆད་མེད་པར་བྱེད་ཀྱི་ཡོད་པར་ངོ་རྒོལ་བྱ་དགོས། རྒྱལ་ཁབ་ཁག་གིས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་བློན་ཆེན་རིམ་པའི་གཞུང་འབྲེལ་སྐུ་ཚབ་གཅིག་ཀྱང་མ་གཏོང་ཞེས་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པར་མ་ཟད། བདུན་ཕྲག་སྔོན་མར་ལི་ཐུ་ཝྭེ་ཎི་ཡའི་རྒྱལ་སར་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་བཀོད་པའི་ལས་ཁུངས་ཤིག་སྒོ་འབྱེད་དུ་བཅུག་པའི་རྗེས་སུ་རྒྱ་ནག་དང་ལི་ཐུ་ཝྭེ་ཎི་ཡའི་འབྲེལ་བ་ཇེ་སྡུག་ཏུ་སོང་། པེ་ཅིང་གིས་ལི་ཐུ་ཝྭེ་ཎི་ཡར་ཕྱི་འབྲེལ་གྱི་གནས་རིམ་དམའ་རུ་བཏང་ནས་རྒྱལ་ཁབ་དེར་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན། པེ་ཅིང་དུ་བཅའ་སྡོད་ལི་ཐུ་ཝྭེ་ཎི་ཡའི་གཞུང་ཚབ་པ་ཕྱིར་འབུད་བྱས་པ་དང་ལི་ཐུ་ཝྭེ་ཎི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་བཅད། ལི་ཐུ་ཝྭེ་ཎི་ཡའི་རྒྱལ་སར་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་མིང་བྱང་འཁོད་པའི་ལས་ཁུངས་ཤིག་སྒོ་འབྱེད་བྱས་པ་ནི་ལོ་༡༨་ཀྱི་རྗེས་སུ་ཡུ་རོབ་ཀྱི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་ཤིག་ཚུགས་པ་ཐེངས་དང་པོ་ཡིན་འདུག

ལི་ཐུ་ཝྭེ་ཎི་ཡའི་ཕྱི་སྲིད་བློན་ཆེན་གྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་རྒྱ་ནག་གིས་ང་ཚོར་ཕྱི་འབྲེལ་གྱི་གནས་རིམ་དམའ་རུ་གཏོང་རྒྱུ་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་པ་སྔོན་ནས་ཤེས་ཡོད། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་རྣམས་རྒྱ་ནག་གིས་གཏན་འབེབས་བྱེད་ཀྱི་ཡོད་པ་ལྟར་གྱི་འདུ་ཤེས་ཤིག་འཛིན་གྱི་ཡོད་པ་ནི་ཐ་ཤལ་ཞིག་རེད། དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་དགོས་ན་དེ་ལ་རྒྱུ་མཚན་བགྲང་དགོས་ངེས་རེད། རྒྱ་ནག་གིས་ཉེས་ཆད་གསལ་བསྒྲགས་མ་བྱས་པར་ལག་ལེན་བསྟར་གྱི་འདུག ད་ལོའི་དབྱར་དུས་དེར་ལི་ཐུ་ཝྭེ་ཎི་ཡའི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་བྱེད་དུ་འཇུག་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཉིན་ལྟར་ང་ཚོའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་སྔར་བཞིན་ཚོང་འབྲེལ་མེད། ང་ཚོས་དངོས་ཟོག་འདི་དང་འདི་ནང་འདྲེན་བྱེད་ཐུབ་ཀྱི་མི་འདུག དངོས་ཟོག་འདི་དང་འདི་ཕྱིར་ཚོང་བྱེད་ཐུབ་ཀྱི་མི་འདུག ང་ཚོའི་ཚོང་ལས་གན་རྒྱ་རྣམས་རྩིས་མེད་བཏང་སོང་ཞེས་དཀའ་ངལ་ཕྲད། ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་གློག་འཕྲིན་བཏང་ནས་འདྲི་རྩད་ཇི་ལྟར་བྱས་ཀྱང་རྒྱ་ནག་གིས་དེ་ལ་ཕྱིར་ལན་གང་ཡང་སློག་གི་མི་འདུག་ཅེས་བཀྲལ། བདུན་ཕྲག་འདིར་ཕྱི་སྲིད་བློན་ཆེན་ལཱན་ཌི་སི་བྷག་རྒྱལ་ས་ཝ་ཤིང་ཊོན་ལ་ཕེབས་ནས་ལི་ཐུ་ཝྭེ་ཎི་ཡ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་བདེ་འཇགས་སྲུང་སྐྱོབ་མཐུན་ཚོགས་ཁོངས་སུ་ཞུགས། ཨ་རི་དང་ལི་ཐུ་ཝྭེ་ཎི་ཡའི་འཐབ་ཇུས་མཉམ་འབྲེལ་གྱི་གྲོས་མོལ་ཚོགས་འདུར་ཞུགས་ནས་ཨ་རིའི་རྒྱལ་སྲུང་སློབ་སྟོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀ་དང་ལི་ཐུ་ཝྭེ་ཎི་ཡས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། རྒྱལ་སྤྱིའི་ཁྲིམས་དང་སྒྲིག་སྲོལ་ཁག་ལ་རྒྱབ་སྐྱོར་བྱ་དགོས་པའི་གྲོས་མོལ་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ།།

དེ་རིང་གཟའ་ཕུར་བུའི་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཚོང་འབྲེལ་བཅད་པའི་སྟབས་ཀྱིས་ཨ་མི་རི་ཀས་ལུ་ཐུ་ཝྭེ་ཎི་ཡར་ཨ་སྒོར་དུང་ཕྱུར་༦་བུ་ལོན་བསྐྱི་རྒྱུའི་ཁས་བླངས། ད་ལྟ་ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་དགོས་པའི་གྲོས་སྡུར་བྱེད་འགོ་ཚུགས། ཕྱི་སྲིད་བློན་ཆེན་ལཱན་ཌི་སི་བྷག་གིས་ལི་ཐུ་ཝྭེ་ཎི་ཡས་རྒྱ་ནག་གཅིག་པུར་བརྟེན་མི་དགོས་པར་ང་ཚོའི་ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་བ་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་དུ་ཕྱོགས་མང་ཞིག་ལ་འཛུགས་རྒྱུ་ཡིན། མ་འོངས་པར་རྒྱ་ནག་དང་ལི་ཐུ་ཝྭེ་ཎི་ཡའི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ངེས་གཏན་བྲལ། ལི་ཐུ་ཝྭེ་ཎི་ཡ་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་མ་བྱུང་ན་ང་ཚོར་ལན་ཁག་མེད། རྒྱ་ནག་གིས་ཚོང་འབྲེལ་བཅད་ནས་གནས་སྐབས་ཤིག་ལ་ལི་ཐུ་ཝྭེ་ཎི་ཡར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཤས་ཆེ། ཡིན་ནའང་ཡུ་རོབ་མཉམ་འབྲེལ་ལ་རྒྱ་ནག་གིས་དཔལ་འབྱོར་སྟོབས་ཤུགས་བརྒྱུད་ནས་བཙན་དྲག་བཀོལ་བཞིན་པར་གཅིག་གྱུར་གྱིས་གདོང་ལེན་བྱེད་དགོས། ང་ཚོའི་གྱོང་གུད་ནི་གནས་སྐབས་ཤིག་ལ་ཡིན། ལི་ཐུ་ཝྭེ་ཎི་ཡས་རྒྱ་ནག་ལ་བརྟེན་མི་དགོས་པའི་ཐབས་ལམ་འཚོལ་གྱི་ཡོད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་གི་ཚོང་ཤག་གིས་གློ་བུར་དུ་ཚོང་འབྲེལ་བཅད་ན་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད། ལི་ཐུ་ཝྭེ་ཎི་ཡས་ཁྲོམ་ར་དང་བཟོ་ཚོང་ལས་ཁང་ཁག་གིས་སྡུག་རུས་བྱས་ནས་དཀའ་ངལ་སེལ་ཐུབ། རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་འབྲེལ་བ་བཅད་པ་གཅིག་པ་མིན། ཁོ་ཚོས་རྒྱལ་ཁབ་གཞན་ལའང་ལི་ཐུ་ཝྭེ་ཎི་ཡར་ཚོང་འབྲེལ་གཅོད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་འདུག དེང་སྐབས་ལི་ཐུ་ཝྭེ་ཎི་ཡས་བཟོ་སྐྲུན་བྱེད་བཞིན་པ་ཐམས་ཅད་རྒྱ་ནག་ལ་མཉམ་འབྲེལ་བྱས་ནས་བཟོ་སྐྲུན་བྱེད་ཀྱི་ཡོད་པའམ། ཡང་ན་རྒྱ་ནག་གི་བཟོ་གྲྭ་ཁག་ཏུ་བཟོ་སྐྲུན་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་གཅིག་པུར་བརྟེན་གྱི་ཡོད་པའི་དཔལ་འབྱོར་ལམ་ལུགས་འདིར་འགྱུར་བ་བཏང་ནས་ཕྱོགས་ཡོངས་ལ་ཚོང་འབྲེལ་འཛུགས་རྒྱུ་ཡིན་ཞེས་བསྟན།།

གཟའ་འཁོར་འདིར་ཧོང་ཀོང་གི་ལྷོ་རྒྱ་ནག་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་ཚོང་ལས་བཀག་སྡོམ་བྱས་ནས་ཉེས་ཆད་དྲག་པོ་གཅོད་ཀྱི་ཡོད་པ་ནི་ར་བསད་ན་ལུག་འདར་ཞེས་པའི་དཔེ་ལྟར་ཡུ་རོབ་མཉམ་འབྲེལ་ལ་ཉེན་བརྡ་གཏོང་གི་ཡོད་པ་རེད། རྒྱ་ནག་གིས་ལི་ཐུ་ཝྭེ་ཎི་ཡར་ཕྱི་འབྲེལ་གྱི་གནས་རམ་དམའ་རུ་གཏོང་རྒྱུ་སྔོན་ནས་ཚོད་དཔོག་བྱེད་ཐུབ། ལི་ཐུ་ཝྭེ་ཎི་ཡའི་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་མེད། རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་འགལ་སོང་མེད་ཟེར་གྱི་ཡོད་ཀྱང་རྒྱ་ནག་གིས་ལུ་ཐུ་ཝྭེ་ཎི་ཡས་མཚོ་འགག་ཕྱོགས་གཉིས་ཡུལ་ལུང་ཐ་དད་ཡིན་པའི་ངོས་འཛིན་གྱི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། བདུན་ཕྲག་འགའ་ཞིག་གི་གོང་དེར་ཡུ་རོབ་གྲོས་ཚོགས་ཀྱི་གཞུང་འབྲེལ་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གི་བཙན་འཛུལ་འཇིགས་སྐུལ་འོག་ཏུ་ཐེ་ཝན་ཁེར་རྐྱང་མིན་ཞེས་གཏམ་བཤད་ནན་པོ་བྱས་ཤིང་། ལི་ཐུ་ཝྭེ་ཎི་ཡའི་ས་ཐོག་ཏུ་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་སྒོ་འབྱེད་དུ་བཅུག་པར་རྒྱ་ནག་གིས་ལན་པ་ནན་པོ་ཞིག་མ་སློག་ཚེ། ཡུ་རོབ་རྒྱལ་ཁབ་གཞན་ཁག་གིས་ཀྱང་ལི་ཐུ་ཝྭེ་ཎི་ཡར་མིག་དཔེ་བལྟས་ནས་ཐེ་ཝན་པའི་སྐུ་ཚབ་དོན་གཅོད་ཁང་ཞེས་ལས་ཁུངས་སྒོ་འབྱེད་དུ་བཅུག་ནས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྱི་ཕྱི་འབྲེལ་རྒྱ་སྐྱེད་འགྲོ་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ། རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་འབྲེལ་བར་ཞིན་ཅང་དང་ཧོང་ཀོང་། ཐེ་ཝན་སོགས་ཀྱི་གནད་དོན་ཁག་གིས་འགལ་ཟླ་ཆེན་པོ་བསླངས། ལྷག་པར་དུ་རྒྱ་ནག་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་ལ་ཡོང་མི་ཆོག་ཅེས་ཉེས་ཆད་བཀལ། དེ་ནས་ཡུ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་དང་ཡུ་རོབ་མཉམ་འབྲེལ་གྱི་ཚོང་ལས་དང་མ་རྩ་འཛུགས་འཇོག་གི་གྲོས་མཐུན་དེར་ཆོག་མཆན་འགོད་རྒྱུ་བཀག་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།།

XS
SM
MD
LG