ངོ་འཕྲད་བདེ་བའི་དྲ་འབྲེལ།

སེར་སྨད་གྲྭ་ཚང་དང་སླེ་ལུང་རིན་པོ་ཆེས་སྨན་ཁབ་རོགས་རམ།


༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་སེར་སྨད་གྲྭ་ཚང་དང་སླེ་ལུང་རིན་པོ་ཆེས་མེ་སོར་གྲོང་ཁྱེར་གྱི་བོད་པའི་སློབ་ཕྲུག་དང་ཧུན་སུར་གཞིས་ཆགས་ཀྱི་མང་ཚོགས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་སྦྱིན་བདག་གནང་སྟེ་མི་མང་ལ་སྨན་ཁབ་རྒྱག་ཐུབ་ཡོད་ཅིང་། དེ་ཡང་ཉེ་ཆར་ཕྱི་ཟླ་༥་ཚེས་༢༩་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གསར་པས་བོད་པ་འདུས་སྡོད་ས་གནས་ཁག་གི་འགན་ཁུར་བ་ཚོས་ས་གནས་བོད་པ་ཚོར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་མྱུར་དུ་རྒྱག་ཐབས་ལ་སྒོ་ཀུན་ནས་འབད་བརྩོན་བྱ་དགོས་པའི་བཀོད་ཁྱབ་བཏང་བ་ལྟར་རྒྱ་གར་ལ་ཏོག་དབྱིབས་ནད་རླབས་ཐེངས་གཉིས་པ་འཕྱུར་ཏེ་འགྲོ་འོང་བཀག་སྡོམ་རིང་རང་ཁྱིམ་དུ་ལོག་ས་མེད་པར་མེ་སོར་གྲོང་ཁྱེར་དུ་ལུས་པའི་བོད་པ་དང་ཧི་མ་ལ་ཡའི་ས་ཁུལ་གྱི་མཐོ་སློབ་སློབ་ཕྲུག་ཚོར་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་སྦྱིན་བདག་གནང་སྟེ་ཕྱི་ཚེས་༤་ཉིན་མེ་སོར་གྲོང་ཁྱེར་གྱི་ཨ་པོ་ལོ་སྨན་ཁང་གིས་སློབ་ཕྲུག་༣༤་ལ་ནད་དུག་འགོག་སྲུང་གོ་ཆ་ཞེས་པའི་སྨན་ཐུན་དང་པོའི་འགོག་ཁབ་དེ་ཧུར་སུར་རྫོང་ཆོས་གྲྭ་ཚང་དུ་བརྒྱབ། སྐབས་དེར་རྫོང་ཆོས་གྲྭ་ཚང་གིས་བཟའ་བཏུང་སོགས་གོ་སྒྲིག་གནང་འདུག

མེ་སོར་བོད་པའི་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རིན་ཆེན་དབང་རྒྱལ་གྱིས་བྷེང་ལོར་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་ལ་འབྲེལ་བ་ཞུས་པ་དང་ལྷོ་སྤྱིས་རོགས་རམ་ཐབས་ཚོལ་བརྒྱུད་ནས་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་ཡ་གྱལ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གིས་སློབ་ཕྲུག་ཚང་མར་སྔོན་འགོག་སྨན་ཁབ་རོགས་རམ་གནང་བ་ཞིག་རེད་ཅེས་མེ་སོར་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་རིན་ཆེན་དབང་རྒྱལ་གྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་ཞིང་། མེ་སོར་གྲོང་ཁྱེར་དུ་སྨན་ཁབ་དགོས་མཁན་མིང་ཐོ་འབྱོར་བའི་སློབ་ཕྲུག་༧༠་ལྷག་ཡོད་པར་མ་ཟད། ད་དུང་མིང་མཐོ་བསྡུ་བཞིན་ཡོད་པ་དང་མིང་ཐོའི་ནང་དུ་འཁོད་པའི་སློབ་ཕྲུག་གཞན་རྣམས་ལའང་སྨན་ཐུན་དང་པོའི་འགོག་ཁབ་གང་མགྱོགས་རྒྱག་འཆར་ཡོད་འདུག བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་བཞིན་ཐེངས་འདིར་དཀའ་ངལ་ཡོད་པའི་སློབ་ཕྲུག་ཚོར་སྔོན་འགོག་སྨན་ཁབ་ཀྱི་མཐུན་གྱུར་རོགས་རམ་གནང་བར་སློབ་ཕྲུག་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་འདུག

ཧུན་སུར་རབ་རྒྱས་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་དང་ཏོག་དབྱིབས་ནད་ཡམས་ཛ་དྲག་ཚོགས་ཆུང་གིས་ཐབས་ཚོལ་ལྟར་ཉེ་ལམ་ཕྱི་ཚེས་༥་ཉིན་རང་ལོ་༡༨་ནས་༤༤་བར་དུ་སོན་པའི་ཧུན་སུར་གཞིས་ཆགས་ཀྱི་མི་༡༦༩་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་དང་པོའི་འགོག་ཁབ་དེ་རྒྱ་གར་གཞུང་གིས་རིན་མེད་དུ་རྒྱག་ཐུབ་ཡོད་པ་དང་མི་གྲངས་༡༨༠་ལ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སླེ་ལུང་རིན་པོ་ཆེས་སྨན་ཁབ་ཀྱི་སྦྱིན་བདག་གནང་སྟེ་བརྒྱབ། ད་ལྟའི་ཆར་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཡོད་པའི་མི་༡༣༥་ལ་གནས་སྐབས་རིང་སྨན་ཁབ་རྒྱག་ཐུབ་ཀྱི་མེད་ཀྱང་གཞིས་ཆགས་ཀྱི་མང་ཚོགས་ལ་སྨན་ཁབ་བརྒྱབ་ཟིན་པ་ཡིན་ཞེས་གཞིས་འགོ་ཐུབ་བསྟན་ཚེ་རིང་གིས་འགྲེལ་བརྗོད་གནང་སོང་། ཁོང་གིས་གཞིས་ཆགས་ཀྱི་མང་ཚོགས་ལ་འགོག་ཁབ་སྨན་ཐུན་གཉིས་པ་དེ་རིན་མེད་དུ་འཐོབ་ཐུབ་པའི་རེ་བ་དང་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད། རྒྱུད་སྨད་གྲྭ་ཚང་གིས་མཐུན་འགྱུར་འོག་དེ་གའི་དགེ་འདུན་པ་༢༠༩་ལ་ནད་དུག་འགོག་སྲུང་གོ་ཆ་ཞེས་པའི་སྨན་ཁབ་བརྒྱབ་ཟིན་པ་ལྟར་རྫོང་དཀར་ཆོས་སྡེ་གྲྭ་ཚང་གི་མཐུན་འགྱུར་འོག་དེ་གའི་དགེ་འདུན་པ་༧༥་ལ་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རིམ་པ་དང་པོ་དེ་ཕྱི་ཚེས་༤་ཉིན་བརྒྱབ་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG