ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༠༥

སྲིད་སྐྱོང་གིས་དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་ལས་འཆར་སྙན་སེང་ཞུས།


༄༅།། སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༢་ཉིན་སྲིད་སྐྱོང་གསར་པར་དྲྭ་ལམ་དུ་གསར་མཇལ་གནང་སྟེ་དུས་ཡུན་ཆུ་ཚོད་གཅིག་ཙམ་ལ་བཀའ་སློབ་སྩལ་འདུག བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་དྲུང་ཡིག་ཆེན་མོ་སྦྲ་གཉིས་ཚེ་རྒྱལ་གྱིས་གསར་འགོད་པ་ཚོར་དུས་ཡུན་ཆུ་ཚོད་གཅིག་ཙམ་གྱི་མཇལ་ཁའི་སྐབས་སུ་སྲིད་སྐྱོང་གིས་བཞུགས་སྒར་དུ་མཛད་ཁུར་བཞེས་ནས་བདུན་ཕྲག་གཅིག་ཙམ་ཕྱིན་པའི་སྐབས་འདིར་ཡུལ་ཁྲིམས་ལྟར་འགྲོ་འོང་བཀག་སྡོམ་འོག་ཏུ་ཡོད་པའི་གནས་སྟངས་རྣམས་སྙན་སྒྲོན། ཉེ་ཆར་༧གོང་ས་མཆོག་ལ་གསོལ་བ་བཏབ་པ་བཞིན་དམ་འབུལ་མཛད་སྒོར་དབུ་བཞུགས་གནང་བར་བཀའ་དྲིན་ཆེ་ཞེས་ཞུས་ཤིང་། ད་ལྟའི་དུས་སྐབས་སུ་ཏོག་དབྱིབས་ནད་དུག་ལ་འབྲེལ་བ་ཡོད་པའི་ལས་དོན་ཁག་སྒྲུབ་ཀྱི་ཡོད་པ་རྣམས་སྙན་སྒྲོན་ཞུས་སོང་ཞེས་གནས་ཚུལ་ངོ་སྤྲོད་གནང་འདུག

བཀའ་ཤག་གི་དྲུང་ཡིག་ཆེན་མོ་སྦྲ་གཉིས་ཚེ་རྒྱལ་གྱིས་སྲིད་སྐྱོང་གསར་པས་བོད་ཀྱི་གནད་དོན་སྤྱི་དང་བྱེ་བྲག་ཏུ་བོད་རྒྱ་འབྲེལ་མོལ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་བཅས་ལ་དགོངས་པ་ཇི་ཡོད་རྣམས་ཁ་གསལ་སྙན་གསེང་སྒྲོན་པ་དང་ཆབས་ཅིག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལས་དོན་དེ་དག་ལ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་ཡོད་ཅེས་བཀའ་ལན་སྩལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གཅིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་དང་གོང་འཕེལ་གཏོང་བར་སྲིད་སྐྱོང་གིས་དམངས་གཙོའི་ཀ་བ་གསུམ་དང་རང་དབང་ཅན་གྱི་སྡེ་ཚན་ཁག གཞུང་འབྲེལ་མིན་པའི་ཚོགས་པའི་འགན་འཛིན་བཅས་ལ་རིམ་བཞིན་མཇལ་འཕྲད་ཀྱིས་བཀའ་མོལ་གནང་བཞིན་ཡོད་པ་རྣམས་ཀྱང་༧གོང་ས་མཆོག་ལ་སྙན་གསེང་སྒྲོན་སོང་ཞེས་གསུངས་འདུག

སྲིད་སྐྱོང་གསར་པས་མཛད་ཁུར་བཞེས་ནས་བདུན་ཕྲག་གཅིག་ཧྲིལ་པོ་ཕྱིན་ཡོད་ཅིང་། འདས་པའི་བདུན་ཕྲག་དེར་སྲིད་སྐྱོང་དང་འཕྲོད་བསྟེན་ལས་ཁུངས། སྨན་ཁང་ཁག་གི་འགན་འཛིན་རྣམས་ལྷན་འཛོམས་ཀྱིས་གྲོས་སྡུར་འགོ་བཙུགས་ཏེ་ཏོག་དབྱིབས་ནད་དུག་གཟིགས་རྟོག་ལྟེ་གནས་ཁང་དུ་གཟིགས་ཞིབ་ལ་ཕེབས་ནས་ནད་ཡམས་སྔོན་འགོག་གི་ལས་དོན་བསྐྱར་སྒྲིག་བྱ་རྒྱུ། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ལ་མཇལ་འཕྲད་གནང་འདུག་པར་མ་ཟད། ཕྱི་ཟླ་༦་པའི་ཚེས་༣་ཉིན་དབུས་སྤྱི་ཁྱབ་འོས་བསྡུ་ལས་ཁང་དང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁུངས་སོགས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་གཙོ་གཞོན་སོགས་ལ་མཇལ་འཕྲད་གྲོས་སྡུར་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG