ངོ་འཕྲད་བདེ་བའི་དྲ་འབྲེལ།

དབུས་ཏོག་དབྱིབས་ནད་དུག་ལས་དོན་ཚོགས་ཆུང་གི་ལས་དོན་གསུམ།


༄༅།། ཕྱི་ཟླ་༥་པའི་ཚེས་༢༩་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་དོན་བསྐྱར་སྒྲིག་བྱ་རྒྱུའི་གསལ་བསྒྲགས་སྤེལ། ད་ནས་བཟུང་སྟེ་ཏོག་དབྱིབས་ནད་དུག་ལ་འབྲེལ་བ་ཡོད་པའི་ལས་དོན་གྱི་འགན་དབང་མཐའ་དག་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེས་ཐུགས་འགན་གཙོ་བཞེས་ཀྱིས་ལས་དོན་ཚོགས་ཆུང་དང་འཕྲོད་བསྟེན་ལས་ཁུངས་ཀྱིས་གཟིགས་རྟོག་གནང་དགོས་ཞེས་བསྟན། གཟའ་ཕུར་བའི་བདུན་རེའི་ཏོག་དབྱིབས་ནད་དུག་གསར་འགོད་ལྷན་ཚོགས་སུ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༥་པ་ནས་༢༠༢༡་ལོའི་ཕྱི་ཟླ་༢་པའི་བར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ནད་རླབས་ཐེངས་དང་པོ་འཕྱུར་བའི་སྐབས་ཀྱི་གནས་སྟངས་དང་༢༠༢༡་ལོའི་ཕྱི་ཟླ་༣་ནས་༥་པའི་བར་དུ་ནད་རླབས་གཉིས་པ་འཕྱུར་བའི་གནས་སྟངས་གཉིས་གཤིབ་སྡུར་གྱིས་ནད་རླབས་གཉིས་པ་ནི་དང་པོ་ལས་ལྡབ་འགྱུར་གྱི་ཛ་དྲག་ཆེ་བ་ཞིག་རེད། ད་ནས་གནད་དོན་གཙོ་བོ་གསུམ་གྱི་ཐོག་ཏུ་ལས་དོན་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

བོད་པའི་སྨན་ཁང་ཁག་ཏུ་སྨན་བཅོས་རིན་མེད་དུ་བྱེད་ཀྱི་ཡོད་པ་དང་ད་ལྟའི་དུས་སུ་རྒྱ་གར་ལ་རང་ལོ་༡༨་ནས་༤༥་བར་དུ་སྨན་ཁབ་མ་རག་པ་ཚོར་སྨན་ཁབ་མཁོ་སྒྲུབ་བྱ་རྒྱུ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་རང་རིགས་བོད་པ་ཚོས་འཚོ་རླུང་དང་སྨན་བཅོས་ཀྱི་ཡོ་ཆས་སོགས་ཞལ་འདེབས་གནང་བ་དེ་དག་གིས་གནས་སྐབས་རིང་འདང་ངེས་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱིས་སྨན་ཁབ་འཐོབ་ཐབས་ལ་ཤུགས་སྣོན་རྒྱག་རྒྱུ། རྒྱ་གར་ལ་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པའི་ཉིན་ཁ་ཡོད་པས་དེ་ལ་གྲ་སྒྲིག་སྡུག་ས་ནས་བྱ་རྒྱུ་གལ་ཆེན་དུ་བརྩིས། ཚན་རིག་པ་ཚོས་ནད་རླབས་གསུམ་པ་ཞིག་འཕྱུར་བའི་དུས་སུ་ཉེན་ཁ་ཆེ་ཤོས་ནི་བྱིས་པ་དང་སྨན་ཁབ་མ་རག་པ་ཚོ་རེད་ཅེས་སྔོན་བརྡ་གཏོང་གི་ཡོད་པ་ལྟར་དེ་དག་གི་ལུས་སྲུང་གསོ་བར་བོད་སྨན་བགོ་འགྲེམ་གནང་རྒྱུ་ཡིན་འདུག

དེང་སྐབས་རྒྱ་གར་གྱི་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ཅིག་མ་གཏོགས་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུའང་བདུན་ཕྲག་སྔོན་མ་དང་བསྡུར་ན་གྲངས་ཚད་ཉུང་དུ་འགྲོ་བཞིན་འདུག་ཅེས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གསལ་བསྒྲགས་སྤེལ་སོང་། འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། ད་ལྟའི་བར་དུ་རྒྱ་བལ་གཉིས་སུ་ཁྱོན་བསྡོམས་བོད་པ་༤༦༩༦་ལ་ནད་དུག་འགོས་པ་དང་མི་༡༢༢་ལ་འཆི་སྐྱོན། མི་༣༦༩༦་དྲག་སྐྱེད་བྱུང་བ་དང་མི་༨༦༣་སྨན་བཅོས་བྱེད་བཞིན་ཡོད་འདུག བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་སྨན་ཁབ་ཐོབ་དང་མ་ཐོབ་པའི་གྲངས་ཐོ་ཁ་གསལ་ཞིག་མེད་ཀྱང་ས་གནས་འགོ་འཛིན་ལས་ཁུངས་ཁག་གིས་མང་ཚོགས་ལ་གྲངས་ཐོ་སྡུ་རུབ་བྱེད་བཞིན་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG