ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༢༤

སྦས་ཡུལ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཐོབ།


སྦས་ཡུལ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཐོབ།
སྦས་ཡུལ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཐོབ།

༄༅།། བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་བཙུམ་གྱི་ཉི་མ་བླ་མས་བཤའ་རྒྱའི་སྲོལ་རྒྱུན་གཅེས་འཛིན་བྱས་པའི་མཛད་རྗེས་ལ་ལུམྦི་ནི་ཡར་རྒྱས་ཡིད་ཆེས་ཚོགས་པས་ངོས་འཛིན་དང་ཆེ་བསྟོད་ཀྱི་ལག་འཁྱེར་ཕུལ། ཕྱི་ཟླ་༥་པའི་ཚེས་༢༦་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ས་ག་ཟླ་བའི་དུས་ཆེན་ཏེ། སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་སུམ་འཛོམ་གྱི་ཉིན་གནས་མཆོག་ལུམྦི་ནི་རུ་སངས་རྒྱས་རྗེས་དྲན་གྱི་མཛད་སྒོ་ཚོགས་ཏེ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཞུས་འདུག

ལུམྦི་ནི་ཡིད་ཆེས་ཚོགས་པས་ས་ག་ཟླ་བའི་དུས་ཆེན་ཉིན་བཀོད་སྒྲིག་བྱས་པའི་མཛད་སྒོ་དེར་བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷ་ཧལ་མཉམ་ཞུགས་གནང་སྟེ་མགུལ་ལ་ཁ་བཏགས་སྒྲོན། ཉི་མ་བླ་མ་སོགས་ཀྱི་ལྷན་དུ་འདྲ་པར་བླངས་ཡོད་པ་དེ་ཚགས་པར་ནང་དུ་ཐོན་འདུག ཉི་མ་བླ་མ་ནི་བལ་ཡུལ་གྱི་གོར་ཥ་མངའ་སྡེའི་ནུབ་རི་གྲོང་རྡལ་གྱི་སྤྱི་ཁྱབ་ཡིན་ཞིང་། ཁོང་གིས་བཙུམ་ལུང་པར་ཕྱུགས་ཟོག་བཤའ་མི་ཆོག་པ་དང་རི་དྭགས་རྔོན་མི་ཆོག་པའི་བཅའ་ཁྲིམས་ལག་བསྟར་རྒྱུན་འཁྱོངས་བྱས་ནས་རི་སྐྱེས་སེམས་ཅན་དང་ཕྱུགས་ཟོག་གི་ཚེ་སྲོག་བསྐྱབས་པའི་གནས་ཚུལ་ཐོན་འདུག

སྦས་ཡུལ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཐོབ།
སྦས་ཡུལ་བཙུམ་གྱི་ཉི་མ་བླ་མའི་མཛད་རྗེས་ལ་ཆེ་བསྟོད་ཐོབ།

ཁེ་ན་ཌའི་ཝན་ཁུ་ཝར་གྲོང་ཁྱེར་དུ་གནས་འཁོད་བཙུམ་གྱི་བླ་ཆེན་གདུང་སྲས་བླ་མ་པདྨ་རིན་པོ་ཆེས་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་དེའི་དུ་འཁོད་པ་ལྟར་ན། བཤའ་རྒྱའི་ཁྲིམས་ཡིག་ནི་སྦས་ཡུལ་བཙུམ་དགོན་པས་སྟོན་པའི་དུས་ཆེན་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་བདག་ཅག་ཡོངས་ཀྱི་རྩ་བའི་བླ་མ་༧སྐྱབས་རྗེ་ཞི་བར་གཤེགས་པ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་མཆོག་གི་འདས་མཆོད་དང་པོར་༧སྐྱབས་རྗེ་ཞི་བར་གཤེགས་པ་མཆོག་གི་རྗེས་དྲན་མཚོན་བྱེད་དུ་བཙུམ་ལུང་པའི་འཇུག་སྒོར་བཤའ་རྒྱའི་ཁྲིམས་ཡིག་བརྐོས་པའི་རྡོ་ཡིག་བཞེངས་ནས་རབ་གནས་མཛད།།

རྡོ་ཡིག་དེ་སྔར་བཙུམ་སྨད་ཀྱི་དཔོན་པོ་ལོག་པ་བློ་བཟང་ཕུན་ཚོགས་ཀྱིས་བཞེངས་ཏེ་རྡོ་ངོས་སུ་བོད་ཡིག་བརྐོས་མོད། ད་ལམ་རྡོ་ཡིག་ལ་བསྐྱར་བཅོས་ཅུང་ཙམ་བཏང་སྟེ་བལ་ཡིག་གསར་སྣོན་བྱས་ནས་བཞེངས་ཡོད་པར་མ་ཟད། བཙུམ་དགོན་པའི་གདུང་སྲས་བླ་མ་པདྨ་རིན་པོ་ཆེས་རྒྱབ་སྐྱོར་མཛད། དེ་བཞིན་བླ་མ་པ་སངས་དང་སློབ་དཔོན་དངོས་གྲུབ་རྒྱལ་མཚན། རྒན་ཀརྨ་ཆོས་འཕེལ་དང་བཙུམ་སྨད་ཀྱི་དཔོན་པོ་ས་རོ་ཛ་སོགས་ཕྱ་ར་གྲུ་འདེགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཞུ་རྒྱུ་ཡིན་ཞེས་བཀོད།།

རྡོ་ཡིག་དེ་སྔར་བཙུམ་སྨད་ཀྱི་དཔོན་པོ་ལོག་པ་བློ་བཟང་ཕུན་ཚོགས་ཀྱིས་བཞེངས་ཏེ་རྡོ་ངོས་སུ་བོད་ཡིག་བརྐོས་མོད།
རྡོ་ཡིག་དེ་སྔར་བཙུམ་སྨད་ཀྱི་དཔོན་པོ་ལོག་པ་བློ་བཟང་ཕུན་ཚོགས་ཀྱིས་བཞེངས་ཏེ་རྡོ་ངོས་སུ་བོད་ཡིག་བརྐོས་མོད།

སྦས་ཡུལ་བཙུམ་ནི་བོད་ཀྱི་རྫོང་དཀར་ཆོས་སྡེའི་ལྷོ་ཕྱོགས་སུ་ཆགས་ཡོད་པ་སྟེ། རྫོང་དཀར་ཆོས་སྡེ་དང་བཙུམ་གྱི་བར་དུ་ལ་ཐོག་ཟེར་བའི་ལ་ཞིག་ལས་མེད་ཅིང་། ༡༩༥༩་ལོར་བོད་པ་ཚོ་རང་ཡུལ་ནས་རྒྱ་བལ་འབྲུག་གསུམ་ལ་བཙན་བྱོལ་དུ་འབྱོར་བའི་སྐབས་སུ་བོད་པ་ཁག་ཅིག་བཙུམ་དུ་ལོ་ངོ་རེ་ཟུང་བསྡད་པའི་རྗེས་སུ་རིམ་གྱི་བལ་ཡུལ་དང་རྒྱ་གར་སོགས་སུ་ཡོང་བ་རེད་ཅེས་བཤད་རྒྱུན་མ་ཉམས་པར་གོ་ཐོས་ཐུབ། དེང་སྐབས་བཙུམ་ལུང་པ་བལ་ཡུལ་གྱི་མངའ་ཁོངས་སུ་གྱུར་ཀྱང་ས་གནས་དེའི་མི་དམངས་ནི་མི་རིགས་དང་སྐད་ཡིག ཆོས་ལུགས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས་དང་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ཕྱོགས་གང་ཐད་དུ་བོད་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་ཞེས་བཙུམ་གྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད།།

ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༨་ཉིན་མོན་གྷ་བྷེ་དྲྭ་ཚིགས་སུ་གནས་ཚུལ་ཐོན་པ་ལྟར་ན། བཙུམ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་མ་ཐེབས་པ་དང་ཆུ་དང་མཁའ་རླུང་གཙང་མ། རི་ལུང་ལ་འབག་བཙོག་མེད་པ། བཙུམ་པ་ཚོས་རང་གི་གནའ་བོའི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་རྣམས་གཅེས་འཛིན་ཐུབ་ཡོད་པ་ནི་ས་གནས་དེར་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གནམ་ཐང་ཆེན་པོ་སོགས་མེད་པར་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་བྱུང་བ་རེད། བལ་ཡུལ་གཞུང་གིས་སྦས་ཡུལ་བཙུམ་དུ་རྒྱ་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་ལེགས་འགྲུབ་བྱུང་ཚེ། སྦས་ཡུལ་བཙུམ་ལ་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་རྒྱུ་ལྡོག་ཏུ་མེད། བཙུམ་པ་ཚོས་རྒྱ་ལམ་འཛུགས་སྐྲུན་དེར་དགེ་སྐྱོན་གཉིས་ཀ་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག

བལ་ཡུལ་གཞུང་གིས་བཙུམ་དང་དོལ་པོ། གློ་བོའི་ཡུལ་དང་སྙེ་ཤང་། ཤར་ཁུམ་བུ་སོགས་མཐའ་མཚམས་ཀྱི་ས་གནས་ཁག་ཏུ་རྒྱ་ལམ་དང་ཟམ་པ། གནམ་ཐང་བཅས་ཀྱི་འཛུགས་སྐྲུན་ལས་གཞི་ཁག་གཉེར། ད་དུང་བལ་བོད་མཐའ་མཚམས་ཀྱི་ས་གནས་ཁག་གི་དཔལ་འབྱོར་དང་ཚོང་ལས་གོང་འཕེལ། སྨན་ཁང་དང་འགྲིམ་འགྲུལ་སོགས་ཀྱི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུའི་ཐབས་སུ་འབད། ཀརྨ་ཞེས་པའི་བཙུམ་གྱི་གྲྭ་པ་ཞིག་གིས་རྒྱ་ལམ་འཛུགས་སྐྲུན་འགྲུབ་ན་རྦད་དེ་འགྱུར་བ་ཐེབས་ཀྱི་རེད། དེ་ནི་དངུལ་སྒོར་ཁོ་ནའི་དོན་དུ་ཡིན་པ་དང་རྒྱ་ལམ་འཛུགས་སྐྲན་ལ་དགེ་མཚན་ཆེན་པོ་ཞིག་ཨེ་ཡོད་སྙམ། གཅིག་བྱས་ན་ང་ཚོའི་དགོན་པའང་བཤིག་དགོས་ཐུག་སྲིད། སྦས་ཡུལ་བཙུམ་ནི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག

ཤར་པ་ལྷག་པ་ནོར་བུ་ཞེས་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། སྦས་ཡུལ་བཙུམ་གྱི་ཡུལ་མི་རྣམས་བསླབ་པ་ལྔའི་ཚུལ་ཁྲིམས་ལ་གནས་ཏེ་སྲོག་གཅོད་དང་མ་བྱིན་ལེན། ལོག་གཡེམ་དང་རྫུན། ཆང་རྣམས་སྤངས། འགྲོ་བ་གཞན་ལ་འཚེ་བ་མི་བྱེད་པར་སྣོད་བཅུད་གཉིས་ཞི་མཐུན་དུ་འཚོ་གནས་བྱ་དགོས་པའི་ཉམས་ལེན་བྱེད་ཀྱི་ཡོད། སྦས་ཡུལ་བཙུམ་ནི་ཕྱི་རོལ་ཏུ་ཆགས་པའི་གཟུགས་གྲུབ་ཀྱི་ཡུལ་ལུང་ཙམ་མིན་པར་སེམས་ཀྱི་ཞིང་ཁམས་ཤིག་ཀྱང་ཡིན་ཞེས་བཀྲལ། འདས་པའི་དུས་རབས་མང་པོར་གཏེར་ཆོས་མང་པོ་ཐོན་ཡོད་པ་དེ་དག་གི་ནང་དུ་ཧི་མ་ལ་ཡའི་ལྗོངས་སུ་སྦས་ཡུལ་༡༠༨་ཡོད་ཅེས་གྲགས་པ་དེ་དག་གི་གྲས་ཀྱི་གཅིག་ནི་བཙུམ་ཡིན་པའི་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG