ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གནམ་གཤིས་འགྱུར་ལྡོག་གིས་གློ་བོའི་སྟོད་ཀྱི་གྲོང་ཚོ་ཞིག་ས་གནས་གཞན་དུ་སྤོས།


གནམ་གཤིས་འགྱུར་ལྡོག་གིས་གློ་བོའི་སྟོད་ཀྱི་གྲོང་ཚོ་ཞིག་ས་གནས་གཞན་དུ་སྤོས།
གནམ་གཤིས་འགྱུར་ལྡོག་གིས་གློ་བོའི་སྟོད་ཀྱི་གྲོང་ཚོ་ཞིག་ས་གནས་གཞན་དུ་སྤོས།

༄༅།། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཐན་པ་ཡུན་རིང་བྱུང་བའི་སྟབས་ཀྱིས་བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་གློ་བོའི་སྟོད་ཀྱི་བསམ་རྫོང་གྲོང་ཚོ་ས་གནས་གཞན་དུ་སྤོར་དགོས་བྱུང་བའི་གནས་ཚུལ་ཐོན་འདུག ཉེ་ཆར་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བསམ་རྫོང་ནི་བལ་བོད་ས་མཚམས་ཀྱི་གློ་བོའི་སྟོད་དུ་ཆགས་ཡོད་ཅིང་། ལོ་ན་༧༠་པར་སོན་པའི་རྒན་མོ་གུ་རོང་བྷག་ཀི་ཞེས་པ་ཞིག་གིས་ངེད་ཅག་གི་ཕ་མེས་ཡང་མེས་ཚོའི་ངག་རྒྱུན་དུ་ང་ཚོ་མི་རབས་མང་པོར་གནས་སྤོས་ནས་འཚོ་གནས་བྱས་པ་རེད། ནམ་ཞིག་བསམ་རྫོང་དུ་ཁྱིམ་གཞིས་བཅས་ནས་གྲོང་ཚོ་ཆགས་པ་རེད་ཅེས་བཤད་སྲོལ་ཞིག་འདུག དུས་རབས་མང་པོའི་སྔོན་དུ་བསམ་རྫོང་གི་འབྲོག་པ་རྣམས་བོད་ཀྱི་བྱང་ཐང་དུ་ཁྱབ་པའི་བོད་མིའི་རིགས་ལས་མཆེད། ལོ་༣༠༠༠་ཡས་མས་ཤིག་གི་སྔོན་དུ་བྱང་ཕྱོགས་ནས་གློ་བོའི་སྟོད་དུ་ལྷགས་པ་རེད་ཟེར་གྱི་འདུག་ཅེས་བསྟན། ཁོ་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་སྲོལ་རྒྱུན། སྐད་ཡིག་དང་གོམས་སྲོལ་རྣམས་གཅེས་འཛིན་བྱས་ནས་འཚོ་བར་རོལ།།

བྱང་འབྲོག་དེ་རྣམས་གློ་བོའི་ཡུལ་དུ་འབྱོར་བའི་རྗེས་སུ་གྲོག་རོང་ཟབ་མོ་དེ་དག་གི་གད་པའི་ངོས་སུ་གད་ཁུང་བརྐོས་ནས་ཁྱིམ་གཞིས་བཟུང་། དེང་སྐབས་གད་ཁུང་དེ་ཚོར་གནམ་གྱི་གད་ཁུང་ཞེས་མིང་ཐོགས། དུས་ཚོད་འགྲོ་རིམ་བཞིན་བྱང་འབྲོག་དེ་དག་གིས་དགོན་པ་དང་ལྷ་ཁང་བཞེངས། ས་རྡོའི་ཁང་པ་བརྩིགས། བལ་ཡུལ་གྱི་རྒྱ་ཐང་གི་རོང་པ་ཚོར་བོད་ཚྭ་དང་བལ། ཀོ་ལྤགས་སོགས་བཙོངས་ནས་ཚོང་ལས་གཉེར། ཧི་མ་ལ་ཡའི་ལྗོངས་ཀྱི་འབྲོག་ལས་ལ་རྟག་ཏུ་གནམ་གཤིས་དྲོད་གྲང་གི་བར་ཆད་འབྱུང་། ད་ལྟ་བསམ་རྫོང་སོགས་གློ་བོའི་སྟོད་དུ་འཛམ་གླིང་གི་ས་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་རྒྱུ་འགོ་ཚུགས། རྒན་མོ་གུ་རོང་བྷག་ཀིས་བསམ་རྫོང་བ་ཚོར་མཚོན་ན་གནས་སྤོར་བྱ་རྒྱུ་ནི་འཚོ་བའི་ཉམས་མྱོང་རྙིང་ཤོས་དེ་ཡིན་རུང་མིག་སྔའི་དཀའ་ངལ་རྣམས་སྔོན་ཆད་ཕྲད་མྱོང་མེད་པ་ཞིག་རེད། ལོ་རབས་༩༠་པའི་ནང་དུ་ཐན་པ་བྱུང་། འཁྱག་རོམ་རྣམས་ཞུ་བ་དང་གངས་ཆུ་རིམ་གྱིས་བསྐམས། གྲོང་ཚོ་དེའི་མི་མང་ལ་འཐུང་ཆུ་ཆད་པའི་རྗེས་སུ་སླར་ཡང་གནས་སྤོར་མི་བྱེད་ཐབས་མེད་བྱུང་བ་རེད་ཅེས་སྨྲས།།

གློ་སྨོན་ཐང་གི་རི་ཁྲོད་དུ་
གློ་སྨོན་ཐང་གི་རི་ཁྲོད་དུ་

༢༠༡༢་ལོར་བསམ་རྫོང་བ་ཚོས་རང་གི་ཕ་མེས་ཡང་མེས་ཀྱི་ཁྱིམ་གཞིས་བསྐྱུར་ནས་སྤྱི་ལེ་༡༦་མཚམས་ཀྱི་ས་ཆ་གཞན་ཞིག་ཏུ་སྤོས། བསམ་རྫོང་གི་ས་འོག་གི་ཆུ་བསྐམས་ཏེ་རྒྱུག་ཆུ་དང་ཆུ་རྐ་རྣམས་སྐམ་པོར་གྱུར་ནས་ཞིང་ཆུ་འདྲེན་རྒྱུ་མེད་པར་ཞིང་ལས་གཉེར་མ་ཐུབ། སྟོན་འབྲས་བསྡུ་རྒྱུ་མེད་པ་དང་ཕྱུགས་ཟོག་ལ་རྩྭ་ཆུ་ཆད་ནས་ཤི་སྟེ་མི་རྣམས་བྱ་ཐབས་ཟད། ཉེ་བའི་ལོ་ཤས་ཤིག་ནས་གློ་བོའི་སྟོད་དུ་དབྱར་དུས་ཆར་ཞོད་ཆེ་རུ་ཕྱིན་ཏེ་གློ་བུར་དུ་ཆུ་ལོག་བརྒྱུགས། ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཕལ་མོ་ཆེར་ལོ་རེར་ཆར་ཆུ་དང་གངས་ཆུ་མཱི་ལི་མཱི་ཊར་༢༠༠་ལས་མི་འབབ། ཆར་ཆུ་དང་གངས་ཆུ་ཅི་ཙམ་དཀོན་དུ་ཕྱིན་ན་དེ་ཙམ་གྱིས་ཆུ་འདང་ངེས་མེད་པར་གྱུར། ཆུ་ལོག་དང་ཐན་པ་རེས་མོས་སུ་བྱུང་ན་བསམ་རྫོང་ལྟ་བུའི་གྲོང་གསེབ་ཁག་ལ་གནོད་སྐྱོན་ཆེ། བསམ་རྫོང་ལ་གློག་དང་སྨན་ཁང་། འཕྲོད་བསྟེན་ལྟ་སྐྱོང་ཁང་དང་ཉེན་རྟོག་ཁང་སོགས་ཅི་ཡང་མེད་པས་བལ་ཡུལ་གྱི་ས་གནས་གཞན་ལས་ཀྱང་དབུལ་ཕོངས་ཀྱི་དཀའ་ངལ་ཆེ་ཞེས་སྙན་ཐོ་ཁག་ཏུ་འཁོད།།

པ་སངས་ཚེ་རིང་ཞེས་པའི་ས་གནས་ཀྱི་འགོ་ཁྲིད་ཅིག་གིས་ང་ཚོར་དཀའ་ངལ་ཆེན་པོ་ཕྲད་པའི་རྗེས་སུ་རང་གི་བུ་ཕྲུག་གི་མདུན་ལམ་དོན་དུ་གདམ་ཀ་གཞན་ཞིག་འཚོལ་དགོས་བྱུང་བ་རེད། ༡༩༩༧་ལོར་བསམ་རྫོང་བ་ཚོས་གློ་རྒྱལ་པོར་སྙན་ཞུ་ཕུལ་ནས་གློ་སྨོན་ཐང་གི་ཉེ་འཁྲིས་ཀྱི་ན་མ་གཤོངས་སུ་སྤོར་ཆོག་པའི་བཀའ་འཁྲོལ་ཞུས། ཡུ་རོབ་རྒྱལ་ཁབ་སུད་སིའི་པར་པ་མན་ནུལ་བྷོ་ཨར་ཞེས་པ་ཞིག་གིས་འགྲོ་གྲོན་འདུ་འགོད་བྱས་ནས་༢༠༡༦་གི་ཡས་མས་སུ་བསམ་རྫོང་བའི་ཁྱིམ་ཚང་༡༧་གྱི་བཟའ་མི་༨༦་ན་མ་གཤོངས་སུ་སྤོས་ནས་ཁྱིམ་གཞིས་གསར་དུ་ཆགས་ཏེ་འཚོ་བ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་ལྟོས་བཅངས། ད་དུང་ཡང་བསམ་རྫོང་དུ་མི་༥་བསྡད་ཡོད་པ་དེ་དག་གི་གྲས་ཀྱི་གཅིག་ནི་ལོ་ན་༦༥་ལ་སོན་པའི་བསྟན་འཛིན་དབང་མོ་ཡིན་པ་སྟེ། ཁོ་མོས་ང་ཚོས་པད་ཁ་དང་བྲ་བོ། གྲོ་སོགས་ལོ་རེར་ཐེངས་གཉིས་བཏབ་མྱོང་། ད་ལྟ་ཆུ་མེད་པར་ལོ་རེར་གྲོ་ཐེངས་གཅིག་ལས་གདབ་ཐུབ་ཀྱི་མི་འདུག ང་ཚོ་མི་༥་ལུས་ཡོད་པ་རྣམས་ལོ་ན་རྒས་ཏེ་རང་ཁ་གསོ་དཀའ། ང་ཚོ་ས་གནས་གཞན་དུ་སྤོས་ནས་འཚོ་བ་གསར་པ་ཞིག་འགོ་འཛུགས་ཐུབ་ས་མ་རེད། འདི་ནི་ང་ཚོའི་ཕ་ཁྱིམ་ཡིན་ཞེས་གསར་འགོད་པར་གནས་སྤོར་མ་བྱས་པའི་རྒྱུ་མཚན་བཤད།།

བལ་ཡུལ་གྱི་ས་སྐྱེས་རྡོ་སྐྱེས་ཡུལ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པའི་ལས་སྣེ་ཤར་པ་པ་སངས་སྒྲོལ་མས་བསམ་རྫོང་ལྟ་བུའི་ཡུལ་མི་རྣམས་རང་གནས་སུ་ཆགས་མ་ཐུབ་པར་ན་མ་གཤོངས་སུ་སྤོར་དགོས་བྱུང་བ་རེད། ཁོ་ཚོར་ས་ཆའི་བདག་དབང་སྤྲོད་རྒྱུ་གལ་འགངས་ཆེ་བ་དང་ས་ཆའི་བདག་དབང་མེད་ན་མཐར་སྐྲོད་དང་ཟུར་ཕུད། དབྱེ་འབྱེད་བཅས་ཀྱི་དཀའ་ངལ་འཕྲད་སྲིད། ས་གནས་སྲིད་གཞུང་གིས་གཞིས་ཆགས་གསར་པ་རྣམས་ཁྲིམས་མཐུན་དུ་བསྒྱུར་ནས་ས་ཆའི་བདག་དབང་སྤྲོད་དགོས་ཞེས་ནན་བརྗོད་བྱས་འདུག བྷི་བྷི་སི་གསར་ཁང་གིས་བལ་ཡུལ་གྱི་འབྲེལ་ཡོད་ས་གནས་སྲིད་གཞུང་ལ་དེའི་སྐོར་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། གློ་བོའི་ཡུལ་དུ་ཆར་ཞོད་དང་རླུང་འཚུབ། བཞའ་ཚན་ཆེ་རུ་ཕྱིན་ཏེ་ས་གཞི་སོབ། དུས་རབས་བཅོ་ལྔ་པའི་ནང་དུ་བཞེངས་པའི་དགོན་པ་ཞིག་གི་རྨང་གཞི་བརྟན་པོ་མེད་པར་གྱུར་ཏེ་དཀར་རྩིས་བྱུགས་ཡོད་པ་དེར་སྐྱ་མདོག་ཤར། གློ་བོའི་ཡུལ་དུ་བོན་གྱི་དུས་ནས་དར་བའི་རིག་གཞུང་རྩ་བརླག་འགྲོ་རྒྱུའི་མཚམས་སུ་བསླེབས།།

ཁ་སྔོན་ཕྱི་ཟླ་༥་པའི་ཚེས་༡༤་ཉིན་མི་རིགས་ཞེས་པའི་ཟླ་རེའི་དུས་དེབ་ནང་དུ་གནས་ཚུལ་སྤེལ་བ་ལྟར་ན། གསར་འགོད་པ་ཝེན་སི་ཊེ་ཧྥེན་སན་གྱིས་ཁ་བས་གཡོགས་མེད་པ་དང་སྐྱ་ཐལ་དུ་གྱུར་པའི་གློ་བོའི་ཡུལ་དུ་གནམ་གཤིས་འགྱུར་ལྡོག་ཐེབས། ད་ལྟ་བོད་པའི་ཡུལ་སྡེ་ཞིག་འཚོ་གནས་ཐུབ་མིན་གྱི་གནས་སུ་ལྷུང་། གློ་བོའི་ཡུལ་གྱི་མི་རྣམས་བོད་པ་ཡིན་པ་དང་སྔར་ལོ་རྒྱུས་སུ་བྱུང་བའི་བོད་ཡུལ་གྱི་ལུང་པ་ཞིག་ཏུ་རང་དབང་ལོངས་སུ་སྤྱད་ནས་བསྡད་ཡོད་པ་གསལ་པོར་མཐོང་ཐུབ། དུས་རབས་༡༢་པ་ནས་ཀག་བྷེ་ཎི་ས་གནས་ནི་བལ་བོད་ས་མཚམས་སུ་ཆགས་པའི་གློ་རྒྱལ་ཁམས་སུ་བསྐྱོད་པའི་འཛུལ་སྒོ་ལྟ་བ་ཞིག་རེད། གློ་བོའི་ཡུལ་དུ་དཔལ་འབྱོར་དཀའ་ངལ་དང་འཕེལ་རྒྱས་ཆ་མཉམ་མེད་པ། བལ་ཡུལ་གཞུང་གིས་ཡར་རྒྱས་གཏོང་ཐུབ་མེད་པ་དང་ན་གཞོན་ཚོ་ས་གནས་གཞན་དུ་བསྐྱོད་པ་བཅས་ཀྱིས་ལུང་སྟོང་དུ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་རྩོམ་ཡིག་སྤེལ།།

ཀག་བྷེ་ཎི་གྲོང་སྡེ་ལས་ཁུངས་ཀྱི་འགོ་ཁྲིད་གུ་རོང་རིག་འཛིན་རྣམ་རྒྱལ་གྱིས་སྔ་ལོ་གློ་བོའི་ཡུལ་དུ་ཆུ་ལོག་བརྒྱུགས་ནས་མགྲོན་ཁང་དང་ལས་ཁུངས། སྨན་ཁང་དང་ཉེན་རྟོག་ཁང་བཅས་ཁང་ཆེན་བརྒྱད། སློབ་གྲྭ་དང་དུས་རབས་༡༩་པའི་ནང་དུ་བཞེངས་པའི་དགོན་པ་ཞིག་ཚུད་པའི་ཁང་པ་༢༧་ལ་གནོད་སྐྱོན་ཕོག་སོང་། གྲོང་རྡལ་དེར་ཡུལ་མི་༦༠༠་ལས་མེད་ཀྱང་འཐུང་ཆུ་འདྲེན་གཏོང་དང་ཟམ་པ། རྒྱ་ལམ། ཆུ་རྐ་སོགས་ཆུ་ལོག་གིས་བསྣུབས་ནས་ལུས་མེད། བལ་ཡུལ་གཞུང་གིས་རོགས་སྐྱོར་ཅུང་ཟད་བྱས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་ཅི་ཡང་བྱས་མ་སོང་ཞེས་གསར་འགོད་པར་སྡུག་སྐད་བརྒྱབ། གློ་བོའི་ཡུལ་གྱི་དཀའ་ངལ་སེལ་བར་ས་གནས་མི་མང་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་གློ་བོ་པ་ཚོས་དཔལ་འབྱོར་འདུ་འགོད་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་ལོ་ཡང་ཆར་ཞོད་དུས་སུ་གློ་བོའི་ཡུལ་དུ་ཆུ་ལོག་བརྒྱུག་ན་བསྐྱར་དུ་འཛུགས་སྐྲུན་བྱས་པ་རྣམས་་བསྣུབ་སྲིད། དེས་ན་ས་གནས་མང་ཚོགས་བློ་འཚབ་ཀྱི་ངང་དུ་འཚོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

བསམ་རྫོང་བའི་འགོ་ཁྲིད་པ་སངས་ཚེ་རིང་གིས་ང་ཚོའི་ཕ་ཁྱིམ་དང་དགོན་པ། གནའ་བོའི་རིག་གནས་རྣམས་རྩ་བརླག་འགྲོ་རྒྱུ་ཡིན་པ་ཤེས་ཀྱི་ཡོད་ཀྱང་བློས་མ་བཏང་ཐབས་མེད་རེད། ང་ཚོ་མི་རབས་མང་པོར་རྩྭ་ཆུ་གང་བཟང་འགྲིམས་པའི་འབྲོག་པ་ཡིན། ང་ཚོར་དེང་རབས་ཀྱི་ཤེས་ཡོན་སློབ་སྦྱོང་མེད། ང་ཚོ་འདི་ལྟར་དུས་རབས་མང་པོར་འཚོ་གནས་བྱས་པ་རེད་ཅེས་བཀྲལ། གློ་བོའི་སྟོད་ཀྱི་བསམ་རྫོང་གཅིག་པུ་མིན་པར་དེའི་ཉེ་འཁོར་གྱི་དྷི་ཡེ་དང་ཡ་ར་གཉིས་ལའང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཕྲད་ནས་མི་དམངས་རྣམས་གནས་སྤོར་བྱ་དགོས་བྱུང་ཞིང་། གྲོང་ཚོ་དེ་དག་གི་ཡུལ་མི་ཚོར་ས་ཆ་ཡག་པོ་རེ་རག་ཡོད་ཀྱང་ཕ་ཁྱིམ་དོར་ནས་ལོ་ངོ་སྟོང་ཕྲག་གི་བྱུང་རབས་རྣམས་བློས་གཏོང་དགོས་བྱུང་འདུག བལ་ཡུལ་གྱི་མངའ་ཁོངས་སུ་ཚུད་པའི་ཧི་མ་ལ་ཡའི་ལྗོངས་ཀྱི་ཡུལ་མི་ཚོས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཆུ་ལོག་རྒྱུག་པ་དང་ཐན་པ་བྱུང་། གངས་རི་དང་འཁྱག་རོམ་རྣམས་ཞུ། གངས་ཆུ་བསྐམས་ཏེ་ས་གཞི་བྱེ་ཐང་དུ་འགྱུར་རྒྱུའི་ཉེན་ཁ་ཤུགས་ཆེ་བ་ཕྱིས་སུ་འཕྲད་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG