ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༢/༠༥/༡༩

བཀའ་ཤག་གི་ཡོངས་ཁྱབ་གཞེན་སྐུལ།


༄༅།། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་༢༠༢༢་ལོའི་ཕྱི་ཟླ་༡་ཚེས་༡༩་ཉིན་ འཁོད་པའི་ཡོངས་ཁྱབ་གཞེན་སྐུལ་ཞིག་སྤེལ་ཡོད་པ་དེར་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་བློ་ཕྱི་གཏོད་བྱེད་མཁན་རེ་ཟུང་གིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གཞི་མེད་དཀྲོག་གཏམ་དང་དཀྲུག་ཤིང་གི་གཏམ་སྤྱོད་འདྲ་མིན་སྤེལ་བཞིན་པར་མ་ཟད། ཐ་ན་གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་ཟུར་ཟ་དང་དམའ་འབེབས། མཚན་དམོད་ཀྱི་སྡིག་ལས་ཚབས་ཆེན་རྩོམ་པ་ནི་ཆོས་དང་འཇིག་རྟེན་གང་ཐད་ནས་ཀྱང་མ་རུང་བ་ཞིག་རེད། ངན་སྤྱོད་དེ་རིགས་འཕྲལ་དུ་མཚམས་འཇོག་བྱེད་དགོས། ཅི་སྟེ་དེ་དག་གིས་ད་དུང་མུ་མཐུད་དུ་༧གོང་ས་མཆོག་ལ་མཚན་དམོད་དང་སྤྱི་ཚོགས་ལ་དཀྲུག་གཞིའི་གཏམ་སྤྱོད་སྤེལ་ན་༧གོང་ས་མཆོག་ལ་མཚན་དམོད་ཞུ་མཁན་གང་ན་སུ་ཡོད་པ་དེ་དག་ལ་གདོང་ལེན་བྱ་རྒྱུའི་བཀའ་ཤག་གི་ལངས་ཕྱོགས་གཞིར་བཟུང་གིས་བྱེད་ཐབས་རྩོམ་གྱི་ཡིན། ཡོལ་རྒྱབ་ཀྱི་ངན་མཚང་བརྟོལ་བའི་རྗེས་འབྲས་རང་ཐོག་ཏུ་ལྷུང་ན་གནས་སྟངས་ཅི་བྱུང་སྔོན་ཚུད་ནས་བསམ་ཞིབ་ཐུབ་དགོས་པའི་སྔོན་བརྡ་གཏོང་གི་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

བཀག་ཤག་གི་གཞེན་སྐུལ་དེར་མུ་མཐུད་དུ་འཁོད་པ་ལྟར་ན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམོད་ཞུས་པ་ཙམ་གྱིས་ཁོང་གི་མཚན་སྙན་ལ་གནོད་སྐྱོན་འགྲོ་གཞི་མེད་པ་ཀུན་གསལ་ཡིན་རུང་མགོན་པོ་གང་ལ་རེ་བའི་མིག་འབུར་གཏོད་མཁན་གཞིས་བྱེས་བོད་མི་ཡོངས་དང་མགོན་པོ་གང་ལ་དད་དམ་གཡོ་བ་མེད་པའི་རྗེས་འཇུག་པ་རྣམས་ཀྱི་སེམས་ལ་ཕོག་ཐུག་གཏོང་ངེས་རེད། དྲྭ་ལམ་གྱི་གནས་ཚུལ་དེ་ཚོར་རྒྱུས་ལོན་མེད་མཁན་ཚོར་དངོས་དོན་ཇི་བཞིན་ཤེས་རྟོགས་ཐུབ་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད་ཅིང་། བོད་མིའི་གོང་བུའི་ནུས་པ་གཏོར་བཤིག་གཏོང་གི་ཡོད་པས་རྒྱ་ཆེའི་མང་ཚོགས་རྣམས་དཀྲོག་གཏམ་དང་དཀྲུག་ཤིང་གི་རྗེས་སུ་མི་འབྲང་བར་ངན་གཡོའི་སྡིངས་ཆ་ཡ་མེད་དུ་འཇོག་སླད། གཞི་མེད་གཏམ་འཆལ་དེ་རིགས་ལ་ལྟ་ཉན་མི་བྱེད་པ་དང་བརྒྱུད་སྐུར་དེ་བས་ཀྱང་མི་བྱེད་པའི་ཆོད་སེམས་བཟུང་སྟེ་འཛིན་སྐྱོང་གི་ལས་དོན་ཁག་ལ་དོགས་པ་ཡོད་པ་རྣམས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་གཏུགས་གནང་གལ་ཆེ་བཅས་འཁོད།།

གཞན་སྐུལ་དེར་གཞིས་ལུས་བོད་མི་རྣམས་ཀྱི་ལ་རྒྱའི་དབུ་འཕང་དགུང་ལ་འདེགས་བའི་སེམས་ཤུགས་ཀྱི་རྒྱབ་རྟེན་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཆགས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྐྱ་སེར་ཕོ་མོ་ཐམས་ཅད་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་སྤྱི་དོན་ལ་ནུས་པ་མཉམ་སྤུངས་བགྱིས་པའི་ཉེར་ལན་གྱིས་ཡིན་པ་གོར་མ་ཆག མ་འོངས་པར་བོད་མིའི་ཐུན་མོང་གི་ཕུགས་འདུན་གོམ་པ་མདུན་སྤོ་བྱེད་པའི་རྨང་གཞི་ཡང་འདི་ཉིད་ཡིན་ངེས་པས་ང་ཚོས་ཆིག་སྒྲིལ་གྱི་སྟོབས་ཤུགས་འདིའི་དགེ་མཚན་རྣམས་དྲན་ཡུལ་ནས་ནམ་ཡང་བརྗེད་མེད་སྙིང་བཅངས་དགོས་ངེས་ཡིན་ཞེས་བཀོད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལན་ཡག་ལས་ཁུངས་ཀྱི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG