ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་ནང་ཆོས་ལ་ཆེ་བསྟོད།


༄༅།། རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཇ་ན་ཐ་སིང་ཉིན་གསུམ་གྱི་རིང་དུ་ལ་དྭགས་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་ཅིང་། ཕྱི་ཟླ་༦་ཚེས་༢༨་ཉིན་རྒྱལ་སྲུང་བློན་ཆེན་སིང་གིས་དྭགས་ཀྱི་ཁྲིག་སེ་དགོན་གྱི་ཤེས་རབ་སྐྱེད་ཚལ་གླིང་གི་དཔེ་མཛོད་ཁང་དང་ཤེས་ཡོན་ལྟེ་གནས་ཁང་དབུ་འབྱེད་གནང་ཞིང་། ཁོང་གིས་ནང་པ་སངས་རྒྱས་པའི་ཆོས་ལ་ཆེ་བསྟོད་དང་དཔེ་མཛོད་ཁང་གསར་པ་ཚད་ལྡན་པ་ཞིག་འཁྱོངས་འདུག་ཅེས་བསྔགས་བརྗོད་གནང་འདུག
རྒྱལ་སྲུང་བློན་ཆེན་སིང་གིས་མཛད་སྒོའི་སྟེང་དུ་དཔེ་མཛོད་ཁང་འདིར་ངས་ཕྱག་དཔེ་མང་པོ་ཞིག་མཇལ་བྱུང་། དེ་དག་གི་གྲས་སུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དཔེ་མང་དག་ཅིག་འདུག ངས་ནང་པ་སངས་རྒྱས་པའི་ཆོས་ནི་མིའི་གཤིས་རྒྱུད་འདུལ་ཐབས་དང་ཡར་རྒྱས་གཏོང་ཐབས་ཏེ། བླ་མ་དང་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས།།

ཁྲིག་སེ་དགོན་པའི་དགོན་བདག་ཁྲིག་སེ་རིན་པོ་ཆེས་ཤེས་ཡོན་ལྟེ་གནས་ཁང་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་སྤྱི་ཚོགས་འཆམ་མཐུན་དང་ཞི་བདེ་བསྐྲུན་ཐབས་སུ་གསར་བཙུགས་བྱས་པ་ཞིག་ཡིན་ཞེས་གསུངས་ཤིང་། རྒྱལ་སྲུང་བློན་ཆེན་སིང་གིས་དཔེ་མཛོད་ཁང་དེ་རྒྱ་གར་གཅིག་པུ་མ་ཡིན་པར་རྒྱལ་སྤྱིའི་ཞིབ་འཇུག་པ་ཚོར་ཕན་ཐོགས་ཐུབ་པའི་ཆ་རྐྱེན་ལྡན་འདུག་ཅེས་གསུངས་ཡོད་པར་མ་ཟད། ཁྲིག་སེ་རིན་པོ་ཆེས་རྒྱལ་སྲུང་བློན་ཆེན་གྱིས་ཤེས་ཡོན་ལྟེ་གནས་ཁང་དབུ་འབྱེད་གནང་བ་ནི་གལ་གནད་ཅིག་ཏུ་ངོས་འཛིན་གནང་གི་ཡོད་ཅིང་། ལྷག་པར་དུ་ཤེས་ཡོན་ལྟེ་གནས་ཁང་དེས་༧གོང་ས་མཆོག་གི་དགོངས་གཞི་བསྒྲུབ་ཐུབ་པའི་རེ་བ་འཆང་ཡོད་ཅེས་གསུངས་འདུག

ད་རེས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ཇ་ན་ཐ་སིང་ཉི་མ་གསུམ་གྱི་རིང་དུ་ལ་དྭགས་ལ་གཟིགས་ཞིབ་ཏུ་ཕེབས་པར་རྒྱ་ནག་གཙོས་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། རྒྱལ་སྲུང་བློན་ཆེན་གྱིས་འདས་པའི་ཉི་མ་གཉིས་རིང་དུ་འཛུགས་སྐྲུན་ལས་གཞི་རྣམ་གྲངས་༦༣་དབུ་འབྱེད་གནང་སྟེ་ས་གནས་ཀྱི་དམག་ཞབས་ཟུར་པ་༣༠༠་ཡས་མས་ཤིག་ལ་མཇལ་འཕྲད་གནང་འདུག་པ་བཅས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG